R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༣༥
[A:༨༣༥]བདག་ཁྲི་ངག་དབང་དྲག་ཤུལ་འཕྲིན་ལས་རིན་ཆེན་འདིའང་གོང་མ་རྣམས་ལས་གསན་བསམ་དང་མཛད་པ་མི་དམན་ཞིང༌། གསུངས་པ་འདི་བཞིན་བཀའ་ཤག་སོགས་ཀྱི་འཆར་འབུལ་ལ་སྲུབ་མཛད་ཀྱི་ཕྱག་རྟགས་མང་རང་ཕེབས་འདུག་པ་གཙོ་བོར་བཟུང་ཞིང༌། བདག་ཁྲི་མེས་པོ་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་ངོས་རང་གི་རིང་འཚོའི་བདེན་ཚིག་ཏུ། འོད་གསལ་ལྷ་རིགས་རིན་ཆེན་སྤྲུལ་པའི་སྐུ། ཞེས་སོགས་གསུངས་པ་འདི་ངོས་རང་སྤྲུལ་པའི་སྐུ་ལྟ་བུ་ཞིག་ཡིན་པར་གསུང་ཞིང༌། འོན་ཀྱང་དེ་སྐབས་ཐེག་ཆེན་བཀྲ་ཤིས་རིན་ཆེན་དང༌། རྡོ་རྗེ་རིན་ཆེན་གཉིས་ཆར་ལོ་ཁྱད་ཁ་རེ་ལས་དུས་མཉམ་ལྟ་བུར་གཤེགས་སྐབས་ཡིན་འདུག་པས། དེ་གཉིས་གང་རུང་ཞིག་ཡིན་པ་གསུང་རྒྱུ་འདྲ་མོར་སྣང་བ་དང༌། ཡབ་རྗེ་རྡོ་རྗེ་འཆང་སོགས་དེ་སྐབས་ཕལ་ཆེ་བས་ཐེག་ཆེན་བཀྲ་ཤིས་རིན་ཆེན་གྱི་སྐྱེ་སྤྲུལ་ལྟ་བུར་ངོས་འཛིན་གནང་བ། དེ་ནི་ཡབ་རྗེ་དབང་སྡུད་སྙིང་པོའི་རྣམ་སྤྲུལ་ཡིན་པ་གོང་དུ་བརྗོད་པ་ལྟར་ལུང་ཚད་མས་གྲུབ་ཅིང༌། དབང་གི་མཚན་ཅན་དེ་ཉིད་ནི་རྒྱ་བོད་ཀྱི་མཁས་གྲུབ་དུ་མར་འཁྲུངས་ཚུལ་གོང་དུ་བརྗོད་པ་བཞིན་དང༌། ཡང་བཀྲ་ཤིས་རིན་ཆེན་ནི་སློབ་དཔོན་རིན་པོ་ཆེ་ལས་ཅན་དག་པའི་འཁོར་ལྔའི་གྲས་ཕུར་པའི་གྲུབ་ཆེན་ཞང་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད་འཁྲུལ་མེད་ཡིན་པར་མདོ་སྨད་འཇམ་མགོན་རྣམ་གཉིས་དང༌། གཏེར་སྟོན་མཆོག་གྱུར་གླིང་པ་རྣམས་ཀྱི་ལུང་གིས་ཟིན་ཅིང༌། འགྲོ་མགོན་དབང་སྡུད་སྙིང་པོ་དང༌། རྡོ་རྗེ་རིན་ཆེན་གཉིས་ཀྱང་སྤྲུལ་གཞི་རྡོ་རྗེ་བདུད་འཇོམས་