R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༣༦
[A:༨༣༦]ཡིན་པ་གཏེར་ལུང་མང་པོར་གསལ་ལུང་གསུངས་པས་ན། ཁོ་བོ་ལྟ་བུ་ལ་ནི་དེ་འདྲ་ཡིན་པའི་སྤར་བཀབ་ག་ལ་ཡོང་ཡང་དམ་པ་རྣམས་ནི་དམན་པ་ལ་བརྩེ་བ་ཆོས་ཉིད་ཡིན་པས་དབུགས་དབྱུང་གཟེངས་བསྟོད་ལྟ་བུ་གསུངས་པར་ཟད་དོ། །གང་ལྟར་ཁོ་བོ་མ་ཡུམ་མངལ་ན་གནས་སྐབས་བྱ་རོག་གཉིས་གཟིམ་ཕུག་ཕུར་པ་ཕུག་གི་སྒེ་ཁུང་ཁར་གཏན་སྡོད་བྱེད་པ་དང༌། མ་སྐྱེས་ཙམ་ལ་གཟུགས་མི་སྣང་བ། མི་སྐད་སྦོམ་པོ་ཞིག་ནས། དྲག་རྟགས་ཕྱིས་ཡོང་ངོ་བརྗོད་པ་ཞིག་བྱུང་འདུག དེ་ནས་ཡབ་རྡོ་རྗེ་འཆང་ཉིད་དགུང་གྲངས་ཉེར་གཉིས་དང༌། མ་ཡུམ་ཉིད་དགུང་གྲགས་ཉི་ཤུ་པ་སྐྱེས་བདག་གི་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུ་བདུན་གྱི་ཟླ་དཀར་ཤར་ཙམ་ལ། སྒྲོལ་ཕོར་སྔ་དུས་ཀྱི་གཟིམ་ཆུང་ཕུར་པ་ཕུག་ཏུ་ཁོ་བོ་བཙས་སྐད། དེ་ནས་གྲོ་བཞིན་ཟླ་བའི་ཕུར་སྒྲུབ་སློབ་དཔོན་བདག་ཁྲི་ཀུན་དགའ་བསོད་ནམས་མཆོག་ནས་གནང་སྐབས་ཚེས་བཞི་སྟ་གོན་ཉིན། ངོས་རང་གི་མིང་དང་རིང་འཚོའི་བདེན་ཚིག་སོགས་ཞུ་གནང་ལ། དེ་ཉིན་གནང་ཡོད་དམ་ཡང་ན་དེའི་སང་དངོས་གཞིའི་ཐོག་ཏུ་གནང་ཇི་ལྟར་ཡིན་རུང་རིང་འཚོའི་སྦྱར་བྱང་ལས། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ལ་གསོལ་བ་བཏབ་སྟེ་མཛད་ཚུལ་གསུངས་པ་བཞིན། ངོས་རང་གི་མིང་ལ་ཡང་རྡོ་རྗེ་ཕུར་པའི་མཚན་ཟུར་གྱིས་བརྒྱན་པར་མཛད་ནས། ངག་དབང་དྲག་ཤུལ་འཕྲིན་ལས་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་བསྩལ་འདུག་པ་དང༌། དུས་ཕྱིས་ས་བྱ་ལོ་སྟག་