R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༣༧
[A:༨༣༧]ལུང་མ་སྤྲུལ་རིན་པོ་ཆེ་ལས་ཁོ་བོས་བྱང་གཏེར་ཐུགས་སྒྲུབ་ཀྱི་དབང་རྒྱས་འབྲིང་བསྡུས་གསུམ་དང༌། བཀའ་བརྒྱད་སོགས་ཀྱི་དབང་ཆེན་ཞུ་སྐབས། ངོས་རང་གིས་དཀྱིལ་འཁོར་ལ་མེ་ཏོག་འཐོར་སྐབས་ཕུར་པ་ཁོ་ན་རྐྱང་ལ་ཕོག་པ། མ་སྤྲུལ་རིན་པོ་ཆེ་ནས་ཀྱང་ཁོ་བོའི་ཚེ་རབས་དུ་མའི་ལྷག་ལྷ་ཡིན་པར་ལུང་བསྟན་པ་དང་འབྲེལ་བའི། པདྨ་འོད་གསལ་མདོ་སྔགས་གླིང་པའི་དགོངས་གཏེར་རྡོ་རྗེ་ཕུར་པའི་གནད་ཏིག་དབང་ལུང་ཡང་བསྩལ་ཏེ། དེ་གཤམ་ཀརྨའི་མིང་ཅན་ལ་སོགས་པས། མཐའ་མའི་བསྟན་པ་གསོ་བར་བྱེད་པ་སོགས་གསལ་བ་ཡང༌། ངོས་རང་ཡིན་ཚུལ་གསུངས་པ་བཅས་གོང་འོག་གི་འཕྲོས་སྐད་འདི་རྣམས་ཐོས་པ་ནི་གཅིག་ཏུ་མཐུན་ནོ། །དེ་ནས་ཅུང་ཟད་ནར་སོན་ནས་རང་ལོ་ལྔ་པར་ཡབ་རྗེ་རྡོ་རྗེ་འཆང་ནས་སྨིན་བྱེད་དབང་གི་ཐོག་མར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྟོད་ལས་བྱང་ཆུབ་སྒྲུབ་དབང་དང༌། སྨད་ལས་དྲག་པོ་སྒྲོལ་དབང་བཅས་རྡུལ་ཚོན་གྱི་དཀྱིལ་འཁོར་བསྩལ་བ་རྣམས་ཅུང་ཟད་དྲན་ཞིང༌། རང་ལོ་དྲུག་པ་ལ་ཡབ་རྗེ་མཆོག་ནས། འཇམ་དབྱངས་རྩོད་རྒྱལ་མ་གདན་དྲངས་ཏེ། འཇམ་དབྱངས་སྨྲ་བའི་སེང་གེའི་རྗེས་གནང་བསྩལ། ཀ་དཔེ་གསེར་བྲིས་མའི་ཀློག་ཅུང་ཟད་སློབ་གནང་དང༌། དེ་ནས་དཔོན་སློབ་ཆོས་བསྟན་འཛིན་ནས་སྦྱོར་ཀློག་སྟེབ་སོགས་བསླབ། རང་ལོ་བདུན་པར་རྩ་རྒྱུད་བརྟག་གཉིས་སྦྱངས་ནས་བདག་ཀུན་བསོད་ཀྱི་སྐུ་འགྲམ་དུ་རྒྱུགས་འབུལ་ཞུས་ཏེ། རྒྱུན་འདོན་སོགས་ལ་ཕྱིན། རང་ལོ་བརྒྱད་པ་ཀྱཻ་རྡོ་རྗེ་མངོན་དཀྱིལ་གཏོར་བསྔོ་ཆེ་མོ། བསྐང་གསོ་