R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༤༤
[A:༨༤༤]གྲལ་རིམ་གྱིས་བཞེངས་ཏེ་སྦྲང་བན་མཛད་ནས་སོ་སོའི་གོ་གནས་ཀྱི་མཇལ་དར་བསྩལ་ཞིང༌། བར་སྒོར་ཞུགས་ནས། མཁན་སྡེ་ཆེ་ཆུང་སོགས་མཇལ་དར་གོང་འདྲ་ལ་རང་རེས་ཕར་མདུད་པ་ཡང་སྤྲོད་ལམ་འདུག དེ་ནས་མགྲོན་ཁང་དུ་ཅུང་ཟད་གསོལ་ཇ་ཕེབས། དེ་ནས་ཡང་གསལ་ཕེབས་བྱུང་བ་དང་ཡར་བཅར་ཏེ། ངོས་ལ་ས་མགྲོན་ཕྱག་གདན་གདིང་ཕྱག་འཚལ་ཞུས་ཏེ། ངོས་རང་ནས་མཎྜལ་རྟེན་གསུམ་འགྱོགས་དར་ནང་མཛོད་སོགས་ཕུལ་ནས་སྟན་ལ་བསྡད་ཅིང༌། མཛོད་པ་སོགས་ནས་འབུལ་ཚན་རྣམས་བསྟར། སྲས་ཡུམ་སོ་སོས་འབུལ་ཚན་ཕུལ་ནས་བསྡད་ཚར་བ་དང༌། གསོལ་ཇར་ཕེབས་པ་ངོས་རང་ལ་རང་རེ་གསོལ་ཆས་བཏང་སྲོལ་བཅས་དང༌། དེ་ནས་ས་མཛོད་ནས་དུག་སེལ་ཞུས་ཏེ་བཞེས་འབྲས་མཉེས་སྤྲོ་ལེ་ཚན་རྣམས་ཕེབས་གྲུབ་ནས། གཟིམ་འགག་སོགས་ནས་ལང་བརྡ་བྱུང་བ་དང༌། ངོས་འཁོར་རྣམས་ཕྱིར་འགྲོས་ཀྱིས་ག་ལེར་ཐོན་ཏེ་མགྲོན་ཁང་དུ་སྔར་བཞིན་གསོལ་ཇའི་ཐོག དཀར་སྤྲོ་སོགས་སྡེར་ཁ་རྒྱས་པ་གནང་སྟེ་དགོངས་ཞུས་ཀྱིས་རང་གནས་སུ་སླེབས། ཁྲི་མཇལ་དངོས་གཞིར་གཞེས་བརྡ་སྙན་སེང་གོང་འདྲ་ཞུས་ཏེ། ངོས་རང་ལས་ངོ་མ་གཞན་མེད་དང༌། གཡོག་འཁོར་གཞན་གོང་བཞིན་བཅས་ཕེབས་སྒུག་བཅར་ལུགས་སོགས་གོང་འདྲ་བགྱིས། དེ་ཉིན་དྲུང་རིགས་མཇལ་དར་སོགས་གོང་བཞིན་འདུག་པ། ཚང་མ་ཕྱིར་སློག་ཞུས། དེ་ནས་མགྲོན་ཁང་ཡར་བཅར་ངོས་རང་མཇུག་བན་ཚང་པ་རྣམས་བསྒྲིགས། ཕྱག་སོགས་གོང་བཞིན་མཎྜལ་རྟེན་གསུམ། བཀྲ་ཤིས་རྫས་