R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༤༥
[A:༨༤༥]བརྒྱད། རྒྱལ་སྲིད་སྣ་བདུན། ཞབས་བརྟན་རྡོ་རྗེའི་རེ་ཁ་རྣམས་འབུལ་ཚིག་གདངས་སོགས་དང་བཅས། ཞྭ་གྱོན་ཏེ་ཕུལ་ནས་ཤིས་བརྗོད་ཟིན་པ་དང༌། འདི་ལོ་སྔར་ནས་འབུལ་ཆག་བསྩལ་བ་སོགས་ཀྱང་སྙེད་མིན་ཕུལ། གསེར་དངུལ་ཚན་པ་སོགས་ཁྲི་མཇལ་ཆེན་མོ་ནང་བཞིན་ཕུལ། གཤམ་ལ་བསྡད་ནས། གསོལ་ཇ་བཞེས་འབྲས་མཉེས་སྤྲོ་སོགས་གོང་བཞིན། དེ་ནས་མགྲོན་ཁང་དུ་སླེབས་ནས། གསོལ་ཇའི་ཐོག་སྡེར་ཁ་རྒྱས་པ་སོགས་ཀྱང་སྔར་བཞིན་བསྩལ། དེ་ནས་རང་ནས་གོང་ས་མཆོག་གི་བཀའ་འབྲེལ། ལྷ་མོ་རིག་བྱེད་མའི་བསྙེན་སྒྲུབ་ལས་གསུམ་སོགས་ཀྱི་དབང་ལུང་དང༌། དེ་སྐབས་ཆར་དཀོན་པས་ཆར་འབེབས་སོགས་ཞུ་དགོས་སོགས་དང༌། བླ་བྲང་ཐོག་ཁའི་ཤོད་གཟིམ་ཆུང་དུ་བསྡད་དེ། ཚོམས་ཆེན་དུ་སྲི་གནོན་དང་ཕུར་བཟློག་སོགས་སྒྲུབ་ཞག་གིས་ཉིན་སྔོན་མ་སྲི་གནོན་ཉིན་གོང་ས་མཆོག་བླ་བྲང་ཐོག་ཁར་ཆིབས་བསྒྱུར་གྱིས་ངོས་རང་ཤོད་གཟིམ་ཆུང་ན་བསྡད་ཡོད་པ་གོང་ས་རྒྱལ་དབང་མཆོག་ངོས་རྣམས་ཀྱི་སར་ཐོན་ཕེབས་ཀྱིས་ངོས་རང་ནས་ཕྱག་དང་བྱིན་རླབས་སོགས་ཞུས། གཞུང་ཞབས་རྣམས་ཀྱི་བཀའ་བཀོད་དང་བཅས་གང་ཙམ་བཞུགས་སོང་ཞིང༌། དེ་ནས་སྲི་གནོན་ཆུ་ཚོད་སོགས་ཕྱག་རྟགས་ཁུངས་སོ་སོར་མནན་པ་དང༌། དེའི་སང་ཕུར་བཟློག་ཉིན་ཡང་བླ་བྲང་ཐོག་རྩེར་ཕེབས་ཏེ་གཟིགས་རྟོག་གནང་སོང་བ་བཅས། དེ་སྐབས་ཞབས་སྒྲུབ་རྣམས་ལ་བླ་ཕྱག་འཕྲལ་བདེ་སོགས་ལས་ཁུངས་ཁག་གཏོར་གཞི་རྣམས་ཅུང་ཉུང་སྐྱོན་ལྟ་བུ་བྱུང་བ་ཡིན་ནམ་གང་ལྟར་ཡང༌། དེ་རྗེས།