R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༤༨
[A:༨༤༨]ཆོས། རྣམ་རབ། ར་སྨད། མཐར་ཆོས། རྒྱལ་རྩེ་གུར་གྲ་སོ་སོར་མང་འགྱེད། ཉམས་གསོའི་རྟེན་སོ་སོར་ཇ་འཁོར་དངུལ་ཐུམ་སོགས་སྤྲད། ཇོ་ཤཱཀ་རྣམ་གཉིས་ཀྱིས་མཚོན་དབུས་ལྷོ་བྱང་གི་གནས་རྟེན་ཕལ་ཆེར་མཇལ་ཞིང༌། ལྷ་ལྡན་དུ་སྣ་ལྔའི་སྟོང་མཆོད་འབྲིང་པ་ཚར་ཁ་ཤས་གཞན་དུ་བརྒྱ་མཆོད་སོགས་དང༌། སྨོན་འདུན་ཅན་གྱི་སྙན་དར་ཡང་ཚང་མར་ཕུལ། དེ་ནས་རྒྱལ་ཟླའི་ཚེས་བཅུ་གཉིས་ལ་གདན་སར་འབྱོར་པ། བྱེད་སྒོ་སྔར་ལམ་གཞིར་བཞག་བགྱིས་གདན་ས་འདིར་ངོས་རང་དུས་ལ་གཙོ་བོ་གཞུང་ས་ཆེན་པོ་ནས་ལོ་ལྟར་ཨར་དོད་བསྩལ་བ་སོགས་ཀྱི་བདག་རྐྱེན་སོགས་ལ་བརྟེན། ཤིང་ཆ་གཞུང་སྒེར་ནས་ཉོ་སྒྲུབ་ཀྱིས་ད་ཕན་ལ་ས་གནས་ལྷ་ཁང་སུམ་ཅུ་སྐོར་ལ་ཉམས་གསོ་ཟིན་པ། དེ་ནས་དབུ་རྩེ་རྒྱ་ཕིབས་སོགས་ལ་ཤིང་ཆ་ཚང་མ་ཟངས་ལེབ་བདུན་ངོས་ཕལ་ཆེར་གསར་བརྗེས་ལ་གསེར་ལྗང་ཊམ་རྡོ་བརྒྱ་ཕྲག་ཁ་ཤས་སོང་བ་དང༌། དེ་ཡང་བྱང་གླིང་ཁ་དབང་ལ་དོ་དམ་མཛད་སྐབས་ཉིས་ཐོ་ཁེལ་རྐྱེན་ལ་ཤར་མགྲོན་ཆེ་དེ་ཉིད་ནས། དེ་རིགས་ཚང་མ་ཉིས་བརྒལ་མཛད་སྐབས་གང་འཚམ་ཉིས་སྐོར་སྒྲུབ་དགོས་བྱུང་བ་དང༌། གོང་སྤང་མདའི་འབུལ་དངུལ་ལ་སྨད་གོས་ཚོན་ཁྲ་ཚོས་མདོག་སྣ་ཚོགས་ཉོ་སྒྲུབ་ཀྱིས་བླ་མ་གོང་མའི་ཐུགས་དམ་མ་འཆམ་མགོན་བྱིན་ཅན་རྣམས་བར་སྐབས་ཉམས་གསོ་མ་བྱུང་བས་ཧ་ཅང་ཧྲུལ་སྐྱོན་ཆེ་བ་ཚང་མ་དང༌། ཕུར་སྒྲུབ་ཟབ་ཕོད་རྣམས་ཀྱང་རྙིང་ཉམས་ཆེ་བ་སོགས་ཚང་མ་གསར་བཟོ་བགྱིས་ཏེ་རྙིང་པ་རྣམས་ཀྱང་ཟུར་བཞག་བགྱིས་ཡོད་པ་དང༌། ངོས་རང་སྔོན་ལོ་ན་