R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༥༣
[A:༨༥༣]ག་གདན་ས་གོང་གི་གདུང་རབས། སྒར་ཆེན་མཐུ་སྟོབས་དབང་ཕྱུག་ཡན་ཆད། འཇམ་མགོན་ཀུན་བློའི་གདུང་རབས་ཞལ་སྐོང་རིན་ཆེན་འཛད་མེད་བཞིན་དང། དེ་མཚམས་ས་ཆེན་རྡོ་རྗེ་འཆང་ཀུན་དགའ་བློ་གྲོས་ནས་དེང་སང་གི་བར་ཁོ་བོས་སྦྱར་བའི་གདུང་རབས་འདི་ནང་བཞིན། གོང་ཨ་མེས་ཞབས་ཀྱི་གདུང་རབས་ས་བཅད་བཞིན་བླ་བྲང་རྣམ་བཞིའི་གདུང་རབས་རྣམས་ཀྱི་ནང་ནས། དུས་མཆོད་བླ་བྲང་པའི་གདུང་རབས་ད་ལྟ་བར་བྱོན་པ་དང། མ་འོངས་པ་ན་འབྱོན་པར་འགྱུར་བའི་ཚུལ་བཅས་ལེགས་པར་བསྟན་ཟིན་ནས། འདིར་སྨྲས་པ། ངོ་མཚར་དུས་སུ་ངོམས་པའི་གདུང་རིགས་རྣམས། །ངོ་མཚར་མཛད་འཕྲིན་དུ་མ་སྟོན་བཞིན་དུ། །ངོ་མཚར་བསྟན་དང་འགྲོ་བའི་དཔལ་གྱུར་པ། །ངོ་མཚར་ཕུལ་བྱུང་དེ་ལས་གཞན་དུ་ཅི། །ཁྱད་པར་ནོར་བུའི་དབུས་ན་དགོས་འདོད་འབྱུང་། །རྐང་གཉིས་དབུས་ན་དེ་བཞིན་གཤེགས་པ་ལྟར། །ཀུན་གྱི་ནང་ན་རྒྱལ་མཚན་ལྟར་མཛེས་པ། །ས་ཆེན་ཀུན་བློའི་རྣམ་ཐར་བསམ་གྱིན་དད། །གཞན་ཡང་འགྲོ་མགོན་དབང་གི་མཚན་ཅན་སོགས། །བསམ་བཞིན་རྣམ་འཕྲུལ་བགྲངས་ཡས་སྟོན་མཛད་ནས། །རྒྱལ་བསྟན་རིན་ཆེན་ཕྱོགས་བརྒྱར་སྤེལ་མཛད་པ། །ཀུན་ལ་བདག་ཡིད་དད་པས་ལག་པད་ཟུམ། །སྙིགས་མའི་དུས་འདིར་རྒྱལ་བསྟན་འཛིན་པ་དཀོན། །དཀོན་མཆོག་དབུ་འཕང་སྨོད་པའི་གང་ཟག་མང། །མང་པོར་བདུད་ཀྱི་མདའ་ལྔས་སྙིང་ལ་བསྣུན། །བསྣུན་པ་ཕལ་ཆེར་ཟོག་པོའི་རྫུན་གྱིས་བསླུས། །དྲང་པོའི་ཟོལ་གྱིས་གནས་རྣམས་ཡིད་ཕམ་ཕམ། །