R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༩
[A:༧༩]དབུ་མའི་ཁྲིད་ཀྱི་སྔོན་འགྲོ་ཆོས་ཉིད་མངོན་སུམ་དུ་སྟོན་པའི་བྱིན་རླབས། འཇམ་མགོན་ཨ་མེས་ཞབས་ཀྱི་ཡིག་སྟེང་ནས་སྨིན་པར་མཛད་ནས། དངོས་གཞི་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་གིས་མཛད་པའི་ཁྲིད་ཡིག་ཆེན་མོ་ལ་གཞིར་མཛད་ཉེས་བྲལ་འཆད་དུས་ཞལ་ཤེས་གསུམ་ཞེས་པ་ཐུན་མོང་མ་ཡིན་པའི་ཡིག་ཆ་ཞལ་ཤེས་རྣམས་ཀྱིས་བརྒྱན་པ་དང༌། སྒོམ་གྱི་དོན་ལ་ཐོས་བསམ་སྒྲོ་འདོགས་བཅད་པ་བསྐྱེད་རིམ་གྱི་རྣམ་བཤད་དང༌། དཔྱད་དོན་ཉམས་ལེན་སེམས་འཛིན་གྱི་རིམ་པ་གཏོང་ལུགས་སོགས་ཁའུ་བྲག་རྫོང་བའི་བཞེད་པ་མ་ནོར་བ་ལྟར། སྔོན་འགྲོ་རྣམས་དང་བསྐྱེད་རིམ་སེམས་འཛིན་ཞར་བྱུང་རྫོགས་རིམ་དང་བཅས་པ། དངོས་གཞི་རྫོགས་རིམ་རྩ་དབུ་མ། བདེ་བ་དང་འཇའ་ལུས་སྒྲུབ་པ་འཕོ་བ་ཡབ་དང་ཐུན་མོང་བའི་རྩ་དབུ་མ་ཆེ་བའི་ཁྲིད། ནང་གི་མཁའ་སྤྱོད་སོགས་ཚང་བའི་ཁྲིད་ཉིན་གྲངས་ཆད་དུ་མེད་པ་ཁྲིད་ཡིག་ཐམས་ཅད་ཀྱི་བརྗོད་བྱའི་སྙིང་པོ་བསྡུས་ནས་མཛུབ་ཁྲིད་ཀྱི་ཚུལ་དུ་ལེགས་པར་གསན། རྒྱབ་རྟེན་ལུང་གི་སྐོར་ལ་རྩ་བ་རྒྱ་གཞུང༌། གདམས་སྐོར་སྒྲུབ་ཐབས་རྣམ་བཤད་བྱིན་རླབས། ཁ་སྐོང་གི་ཡི་གེ་ཁྲིད་དང་བཅས་ཀྱི་གླེགས་བམ་རྨོར་ཆེན་རྡོ་རྗེ་འཆང་གི་དབང༌། ཀུན་གྲུབ་ཀྱིས་མཛད་པའི་མཁའ་སྤྱོད་སྐོར་གསུམ་གྱི་བེའུ་བུམ་གྱི་དཀར་ཆག་ཟབ་དོན་གནད་ཀྱི་ལྡེ་མིག་ནང་བཞིན་ཚང་མའི་ལུང་དང༌། དེར་མ་འདུས་པ་མུས་ཆེན་སངས་རྒྱས་རྒྱལ་མཚན། ཨ་མེས་ཞབས། རྨོར་ཆེན་རང་གིས་མཛད་པ་སོགས་ཀྱི་ལུང་མང་དུ་གསན། དམར་མོ་སྐོར་གསུམ་