[A:༧༨]གིས་མཛད་པ། ཡང་དེས་མཛད་པའི་རབ་གནས་ཀྱི་ཆོ་ག་འཕྲིན་ལས་རབ་ཏུ་རྒྱས་བྱེད་རྣམས་སོ། །གསུང་ངག་དང་རྗེས་འབྲེལ་ལམ་སྐོར་ཕྱི་མ་བརྒྱད་དུ་གྲགས་པ་སློབ་དཔོན་ཏོག་ཙེ་པའི་བསམ་མི་ཁྱབ། ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ། ནག་པོ་སྤྱོད་པའི་གཏུམ་མོ་ལམ་རྫོགས། ནག་པོ་འཆི་བ་མེད་པའི་དཔྱིད་ཀྱི་ཐིག་ལེ། ཨིནྜ་བྷོ་དྷིའི་ཕྱག་རྒྱ་བཞི་རྫོགས། སློབ་དཔོན་པདྨ་བཛྲའི་ཟབ་པའི་ཚུལ་དགུ སློབ་དཔོན་ཌོཾམྦྷི་ཧེ་རུ་ཀའི་ལྷན་ཅིག་སྐྱེས་གྲུབ། ངག་དབང་གྲགས་པའི་གཉུག་མ་དྲན་གསལ་རྣམས་ཀྱི་བྱིན་རླབས་ལུང་དང་བཅས་པ། གཞན་ཡང་སྣང་གསུམ་སྟོན་པའི་ཁུངས་ཟབ་མོ་མདོ་ལྔ་དང༌། གཞལ་ཡས་ཁང་གི་ཚད་སོགས་སྟོན་པ། ནོར་བུ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བའི་མཛོད། ཆོ་ག་ཞིབ་མོའི་རྒྱལ་པོ་ལེའུ་བདུན་མའི་ལུང་བཅས་གསན།
གཞན་ཡང་རྗེ་བཙུན་ས་སྐྱ་པ་ལ་རྣལ་འབྱོར་བླ་མེད་དང་འབྲེལ་བའི་གདམས་པ་རྒྱ་མཚོ་ལྟ་བུར་བཞུགས་པའི་ནང་ནས་གཙོ་བོར་གྱུར་པ་ལྕགས་རི་ཁོངས་ལས་མི་འདའ་བའི་གསེར་ཆོས་བཅུ་གསུམ་དུ་གྲགས་པའི་ནང་ནས་སྒྲུབ་པས་ཐུན་མོང་ཞར་ལ་འབྱུང་བ་དམར་མོ་སྐོར་གསུམ་ལས། རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་གདམས་པ་གསང་ཆེན་སློབ་བཤད་པའི་ལུགས་བཞིན་སྙན་བརྒྱུད་ཚད་མ་བཞི་ལྡན་དུ་གསན་པ་ལ། ཐོག་མར་རྗེ་ཚར་ཆེན་གྱི་སྒྲུབ་དཀྱིལ་བདག་འཇུག་སོགས་མཁའ་སྤྱོད་སྒྲུབ་པའི་ཉེ་ལམ་གྱི་ཡི་གེའི་སྟེང་ནས་སིནྡྷུ་རའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་དང༌། རྩ་