R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༠
[A:༨༠]ལས་རྒྱལ་པོ་ཆེན་པོ་ཨིནྜ་བུདྡྷིའི་ཞལ་སྔ་ནས་ལེགས་པར་བསྩལ་བའི་རྗེ་བཙུན་ཨིནྜ་མཁའ་སྤྱོད་དམ་ཕག་མོ་ཞལ་གཉིས་མར་གྲགས་པའི་བྱིན་རླབས་རྗེ་བཙུན་རིན་པོ་ཆེའི་ཡི་གེ་ལྟར་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས་སིནྡྷུ་རའི་དཀྱིལ་འཁོར་བྱིན་རླབས་ཟབ་མོ་ལེགས་པར་གསན། རྒྱབ་རྟེན་ལུང་ལ་མི་དབང་ཆོས་གསུམ་དུ་གྲགས་པའི་དང་པོ། ཕག་མོ་ཞལ་གཉིས་མའི་རྒྱ་གཞུང་གོང་རྨོར་ཆེན་རྗེའི་དཀར་ཆག་ནང་བཞིན་གྱི་ལུང་གསན། དམར་མོ་སྐོར་གསུམ་ལས་སྒྱུ་འཕྲུལ་དྲྭ་བ་ཆེན་མོ་རལ་པ་གྱེན་བརྫེས་ཀྱི་རྒྱུད་ལ་བརྟེན་ནས་སློབ་དཔོན་མཻ་ཏྲི་པས་བཀྲལ་བའི་མཻ་ཏྲི་མཁའ་སྤྱོད་དུ་གྲགས་པའི་སིནྡྷུ་རའི་དཀྱིལ་འཁོར་དུ་གྲོ་ལུང་པ་ཀུན་སྨོན་དང༌། ངག་དབང་ཆོས་གྲགས་ཀྱི་ཡི་གེ་ལ་བརྟེན་ནས་བྱིན་རླབས་ལེགས་པར་གསན། རྒྱབ་རྟེན་ལུང་ལ། སྒྱུ་འཕྲུལ་དྲྭ་བ་རལ་པ་གྱེན་བརྫེས་ཀྱི་རྒྱུད་ལ་སོགས་པ་རྒྱ་གཞུང་དང་བོད་གཞུང་ལུང་རྣམས་གོང་རྨོར་ཆེན་རྡོ་རྗེ་འཆང་གི་གླེགས་བམ་དཀར་ཆག་བཞིན་ཡོངས་རྫོགས་ཀྱི་ལུང་གསན། ཡང་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་གྱི་ནང་ཚན་ཐུན་མོང་སྒྲུབ་པའི་མཆོག་ཞར་བྱུང་བ་དམར་པོ་སྐོར་གསུམ་ལས། དང་པོ་ཀུ་རུ་ཀུ་ལླེའམ་རྗེ་བཙུན་རིག་བྱེད་ལྷ་མོའི་སྐོར་ལ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་ཐབས་རྗེས་གནང་ལ་བརྟེན་ནས་ངོར་ལུགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང༌། གོང་མ་རྣམས་ཀྱི་གསུང་ལ་བརྟེན་ནས་ཚར་ལུགས་སམ་ཁའུ་བྲག་རྫོང་མའི་ལུགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང༌། མཁན་ཆེན་ངག་དབང་