R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༥༦
[A:༨༥༦]ཀྱི་རབ་བྱུང་བཅུ་པའི་ལྕགས་སྤྲེལ་ལོར་གདན་ས་མཛད་ནས་ལོ་བཅུ་སོང་བ། རབ་བྱུང་བཅུ་གཅིག་པའི་ས་སྦྲུལ་ལོར་གདུང་རབས་ཆེན་མོ་འདི་ཉིད་གསར་རྩོམ་གནང་བ་དང། དེ་འཕྲོས་ས་ཕག་མགོ་ཟླའི་ཚེས་བཅུ་བར་ལོ་གྲངས་སུམ་ཅུ་ཐམ་པ་གདན་ས་མཛད་ཅིང་། དེ་ནས་ས་ཕག་ལོར་འཇམ་དབྱངས་བསོད་ནམས་དབང་ཕྱུག་དགུང་གྲངས་ཉེར་གཉིས་སུ་ཕེབས་པ་ས་ཕག་མགོ་ཟླ་ནས་བཟུང་དགུང་གྲངས་ཞེ་བརྒྱད་པ། ཤིང་གླང་ཟླ་བ་བརྒྱད་པའི་ཉེར་ལྔ་བར་ལོ་གྲངས་ཉེར་བདུན་གདན་ས་མཛད། དེ་ནས་སྔགས་འཆང་ཀུན་དགའ་བཀྲ་ཤིས་དགུང་གྲངས་སོ་གཉིས་པ་རབ་བྱུང་བཅུ་གཉིས་པ་ཤར་མཚམས། ཤིང་གླང་ཟླ་བ་བརྒྱད་པའི་ཉེར་ལྔ་ནས་ལྕགས་ཡོས་གྲོ་བཞིན་ཟླ་བའི་ཚེས་བཅུ་དགུ་བར་ལོ་ཉེར་བདུན་གདན་ས་མཛད། དེ་སྲས་ཡབ་རྗེ་བསོད་ནམས་རིན་ཆེན་དགུང་གྲངས་བདུན་དུ་ཕེབས་པ་ལྕགས་ཡོས་གྲོ་བཞིན་བཅུ་དགུ་ནས་དགུང་གྲངས་སོ་བདུན་པ་ས་བྱ་སྣྲོན་ཟླ་ཉེར་བརྒྱད་པར་ལོ་སུམ་ཅུ་གདན་ས་མཛད། ས་ཆེན་རྡོོ་རྗེ་འཆང་ཀུན་དགའ་བློ་གྲོས་དགུང་གྲངས་བཅུ་གསུམ་དུ་ཕེབས་པ་ས་བྱ་ཆུ་ཟླའི་ཚེས་ཉེར་བརྒྱད་ནས་རབ་བྱུང་བཅུ་གསུམ་པའི་ཆུ་ཡོས་སྣྲོན་ཟླའི་ཚེས་གཉིས་བར་གདན་ས་མཛད་ནས་བསྟན་པ་དར་རྒྱས་སུ་སྤེལ། དེ་སྲས་འགྲོ་མགོན་དཔལ་ལྡན་ཆོས་སྐྱོང་གིས་གོང་འཕྲོས་ཆུ་ཡོས་ས་ཟླ་ནས་མེ་སྟག་རྒྱལ་ཟླ་བར་ལོ་ཉེར་གཉིས་གདན་ས་མཛད། མེ་སྟག་ནས་རབ་བྱུང་བཅུ་བཞི་པའི་ཆུ་སྟག་རྒྱལ་ཟླའི་བར། ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག་གིས་ཁྲི་ཐོག་ལོ་སོ་བདུན་