R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༢
[A:༨༢]སུའང་འདྲེན་པ་དམར་ཆོས་སྐོར་གསུམ་ལམ་གཉན་ལོ་ཙཱ་བའི་དབང་གི་ལྷ་གསུམ་དུ་གྲགས་པའི་སྐོར་ལ་སོ་སོའི་ཡིག་རྙིང་དང༌། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡི་གེ་ལ་བརྟེན་ནས་རྒྱུད་པའི་ཕྱག་ལེན་གྱིས་བརྒྱུད་པའི་རྗེས་གནང་སྤྱི་དང་མི་འདྲ་བའི་དཔའ་མོ་སྙིང་གི་གསེར་ཐིག་ཅན་གྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང༌། ནོར་རྒྱུན་མ་དམར་མོའི་སྐུ་སྒོམ་པ་དང་བཟླས་ལུང་གི་རྗེས་གནང༌། ལྷ་མོ་ཏི་ནུ་མའི་བདུད་རྩི། སིནྡྷུ་ར་དྲིལ་བུ་ལ་བརྟེན་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་རྣམས་གསན་ནས། སྒྲུབ་སྐོར་རྣམས་ཀྱི་ལུང་དཀར་ཆག་བཞིན་གསེར་ཆོས་ཛམ་དམར་སྲོག་སྒྲུབ་ཀྱི་རྗེས་གནང༌། སིནྡྷུ་རའི་དཀྱིལ་འཁོར་དུ་གནོད་སྦྱིན་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་བཟླས་པ་དམ་བཅའ། གཏོར་དབང་ཆུ་སྦྱིན་བཅས་པ་གསན་ནས། ལུང་ལ་གསང་སྒྲུབ་ཐུན་མོང་མ་ཡིན་པའི་ནང་གསེས་ཀྱི་ཡེ་ཤེས་ལ་རྟེན་བཀའ་པ། བསྙེན་སྒྲུབ། ལས་ལ་བསྐུལ་བ་སོགས་སྒྲུབ་སྐོར་རྣམས་ཀྱི་ལུང༌། ཞར་བྱུང་དུ་ཛམ་བྷ་ལྷ། ཚོགས་བདག ཨ་པ་ར་ཙིཏྟ་གསུམ་ལ་བརྟེན་པའི་གཉན་ལོའི་གསེར་ཆོས་ཛམ་བྷ་ལྷ་གསུམ་སྒྲིལ་གྱི་མན་ངག་སྒོམ་ལུང༌། གཞན་ཡང་གསེར་ཆོས་གྲས་རྨོར་ཆེན་རྡོ་རྗེ་འཆང་ཡིག་སྟེང་ནས། འཇམ་དཔལ་ནག་པོའི་རྗེས་གནང་གནད་བཅུ་གཅིག་གི་སྒོམ་ལུང༌། སྒྲུབ་སྐོར་རྣམས་ཀྱི་ལུང༌། ཐར་པཎ་སོགས་ཀྱི་ཡིག་སྟེང་ནས་སེང་གདོང་ནག་མོའི་རྗེས་གནང་སྒྲུབ་སྐོར་རྣམས་ཀྱི་ལུང་བཅས་གསན། རྨོར་མཛད་ཡིག་སྟེང་ནས་གསེར་ཆོས་ཁྱུང་ཁྲའི་རྗེས་གནང༌། སྒྲུབ་སྐོར་