[A:༨༩]མཁྱེན་བརྩེའི་ཟིན་ཐོ་ལྟར་ཁྱུང་ཞལ་ཅན་ནམ་དམག་དཔོན་མགོན་པོའི་རྗེས་གནང༌། རྗེ་ཚར་ཆེན་གྱི་ཟིན་ཐོ་ལ་བརྟེན་ནས་མགོན་པོ་ཆེ་ཆུང་སོགས་སློབ་བཤད་གདམས་པ་ཕལ་ཆེར་རྫོགས་མཐར་བསྟན་པ་གཏད་པའི་ཚུལ་གྱི་བྲམ་ཟེ་སྔགས་གཏད་ཀྱི་རྗེས་གནང་རྣམས་གསན་ནས། སྙན་བརྒྱུད་གསུམ་པ་གདམས་ངག་དངོས་ལ་མན་ངག་གསེར་འགྱུར་གྱི་རྩི་ལྟ་བུའི་ཉམས་ཁྲིད། ལུང་གཉིས་ལས་དང་པོ་ལ། རྗེ་ཚར་ཆེན་གྱིས་མཛད་པའི་སྲུང་འཁོར་ཚེ་སྒྲུབ་དང་བཅས་པའི་རྒྱུན་གྱི་ཉམས་ལེན་མར་གྲགས་པའི་ཡི་གེ་ཞལ་ཤེས་ལ་བརྟེན་ཞིང༌། སྔོན་འགྲོ་གསང་ཁྲིད་ནས་ཁ་བསྐངས་ཏེ་ཕྱི་ནང་གི་སྲུང་འཁོར་འཆི་མེད་སྒྲུབ་པ་ཞར་བྱུང་བཟློག་པ་དང་བཅས་པའི་ཕྱིའི་ཉམས་ཁྲིད་ཟམ་མོ་ཚར་མཛད་ཁྲིད་ཡིག་གཞིར་བྱས། དབང་རབ་ཀྱིས་མཛད་པའི་ལྷན་ཐབས་ཡིག་ཆུང་ཞལ་ཤེས་ཀྱིས་བརྒྱན་ཏེ་སྔོན་འགྲོ་རྣམས་དང༌། དངོས་གཞི་འཁོར་ལོ་གཞི་ལྡན་གྱི་བསྙེན་སྒྲུབ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་སྦྱོར། ཞར་བྱུང་མ་གྲུབ་ན་སྙོགས་ཆོོག་དང་བཅས་པ། ཚེ་འདི་ཉིད་ལ་གཟུང་འཛིན་གྱི་རྩ་མདུད་གྲོལ་ཏེ་གདོད་མའི་རྒྱལ་སར་ཁྲིད་པར་བྱེད་པའི་གསང་ཁྲིད་ཀྱི་ཉམས་ལེན་ཁྲིད་ཟབ་མོ་དང༌། ཞིང་སྐྱོང་དབང་པོ་འཁོར་བཅས་བྱང་ཆུབ་སྙིང་པོའི་བར་དུ་སྙིང་དབུས་སུ་འབྲལ་མེད་དུ་བཞུགས་ནས་མཆོག་ཐུན་དངོས་གྲུབ་ཐམས་ཅད་འབད་མེད་དུ་སྩོལ་བའི་དམར་ཁྲིད་དཔལ་ལྡན་ས་སྐྱ་པའི་གདུང་རྒྱུད་ཁོ་ན་ལ་ཆིག་བརྒྱུད་དུ་བཞུགས་པའི་ཉམས་ཁྲིད་རྣམས་ལེགས་པར་གསན་ནས། གཉིས་པ་རྒྱབ་རྟེན་ལུང་དང་ཕྱག་བཞེས་མན་ངག་དང་