[B:22a]ཐུན་མོང་བ་ཆོས་འབྲེལ་དུ་མི་འགྲོ་བ་ལ་དགོངས་ནས། དེ་དག་གི་འཛུབ་ཁྲིད་པ་ལ་ཕྱག་མི་མཛད་པ་ལ་འཁྲུལ་ནས། གདུང་བརྒྱུད་ལ་ཁག་གཏང་བའི་ཟབ་ཆོས་མང་པོ་བསླབས་ནས། ཆོས་འབྲེལ་དུ་མི་རྩི་བ་བྱུང་བ་ནི་རང་རང་གི་ཁེངས་པའི་སྐྱོན་ནོ། །དེ་ནས་དགུང་ལོ་སོ་གསུམ་པ་མེ་མོ་ཡོས་ལ་འགྲོ་མགོན་ཕྱག་ན་སྐུ་གཤེགས་པའི་ཆོས་འཁོར་ཆུ་མིག་ཏུ་མཛད་པ་ལ་དགེ་འདུན་དགུ་ཁྲི་ལ་འབུལ་འགྱེད་བགྲང་ལས་འདས་སོ། །དེ་རྗེས་དེ་མ་ཐག་ཧོར་གྱི་གདན་འདྲེན་པ་ནན་ཆེས་ནས་ལོ་བཞུག་དེ་ལ་འདམ་དུ་ཕེབས་པར་བྱོན།
ཕྱིས་ལོ་ས་ཕོ་འབྲུག་ལ་དཔོན་ཆེན་ཤཱཀྱ་བཟང་པོས་ལྷ་ཁང་ཆེན་མོ་བཞེངས།
ཁྲི་སྐོར་བཅུ་གསུམ་བསྐུལ། དཔོན་ཆེན་ཀུན་དགའ་བཟང་པོ་དང་སྦྲེལ་ནས་རྫོགས་པར་གྲུབ། རིན་ཆེན་སྒང་། ལྷ་ཁང་བླ་བྲང་། དུས་མཆོད་བླ་བྲང་རྣམས་ཀྱང་བཞེངས་སོ། །གོང་དུ་ཕེབས་ནས་དགུང་ལོ་སོ་དྲུག་པ་ལྕགས་ཕོ་རྟ་ལ་དབང་ཞུས་པའི་ཚེ་མི་ཉག་རྒྱ་རྒོད་ཀྱི་རྒྱལ་པོའི་ཤེལ་དམ་ལ་བཅོས་བྱས་ནས་ཤེལ་དམ་གླིང་དྲུག་མ་དང་། མུ་ཏིག་གི་འཇ་སགས་ཕུལ། གནམ་གྱི་འོག་སའི་སྟེང་ན། རྒྱ་གར་ལྷའི་སྲས་པོ། སྤྲུལ་པའི་སངས་རྒྱས། ཡི་གེ་རྩོམ་མི། རྒྱལ་ཁམས་
[A:47]འཇགས་སུ་འཇུག་པ་པོ་གནས་ལྔ་རིགས་པའི་པཎྜི་ཏ་འཕགས་པ་ཏི་ཤྲི་ཞེས་མཚན་གསོལ། དངུལ་བྲེ་ཆེན་སྟོང་རྭ་ཅན་དང་། གསོ་དར་ལྔ་ཁྲི་དགུ་སྟོང་ལ་སོགས་པ་ཕུལ། མཇལ་རེས་ཀྱིས་མཐོང་ཕྱག་དང་མཇལ་དར་དངུལ་བྲེ་འཆག་མེད་སོགས་མཛད་པས། རྒྱལ་པོའི་འཕྲལ་གྱི་འབུལ་བ་ཀུན་གྲིལ་བས་གསེར་བྲེ་བརྒྱ་