[B:29a]ཁང་ཞིག་གསོས་སུས་ཀྱང་མ་ནུས་པ་གསོ་བ་སོགས་གྲུབ་རྟགས་དུ་མ་མཛད་ནས་བདེ་བར་གཤེགས་ཤིང་སྲས་མེད་དོ། །བདག་པོ་ཀུན་རིན་པའི་སྲས་གྲགས་པ་བློ་གྲོས་པ་ལུག་ལོ་ལ་འཁྲུངས། ཕག་མོ་གྲུ་པ་ལ་ཐུགས་གཏད། གོང་མ་གྲགས་པ་རྒྱལ་མཚན་པ་སྐུ་མཆེད་ཀྱི་བླ་མ་དང་གཤེགས་རྫོངས་ཀྱི་ཚོགས་དཔོན་ལ་སོགས་པ་མཛད། ཤབ་སྨད་དང་ཆུ་སྨིག་ཏུ་བཞུགས། ཆོས་སྐྱོང་ལ་ཤིན་ཏུ་མངའ་བརྙེས། བདག་གིས་ཀྱང་འདིའི་དྲུང་དུ། ཆོས་སྐྱོང་ཆེ་ཆུང་གི་དབང་དང་གདམས་ངག་ལ་སོགས་བོད་ན་གང་ཡོད་ཐོབ། དོན་གཅིག་པ་སྦྲུལ་ལོ་ལ་གཤེགས། དེའི་སྲས་ཆུ་སྨིག་པ་བློ་གྲོས་དབང་ཕྱུག་པ་ནི། གཞོན་ནུ་ནས་རབ་ཏུ་བྱུང་། ངོར་དུ་ཡུན་རིང་བཞུགས། མཁས་
[A:61]བཙུན་བཟང་གསུམ་དང་ལྡན་པ་ད་ལྟ་ཡང་བཞུགས་སོ། །འཇམ་དབྱངས་དོན་ཡོད་རྒྱལ་མཚན་པ་རབ་བྱུང་མ་མཛད་གོང་དུ་མ་གཅིག་ཞལ་ལུ་མ་ལ་བླ་ཆེན་ཀུན་རྒྱལ་བར་གྲགས་པ་འཁྲུངས། ཤིང་ཁང་བླ་བྲང་ཞལ་ལུ་ཁང་གསར་དང་བཅས་པ་དང་། བསམ་ཡས་དགེ་སྡིངས་ལ་སོགས་པ་བཟུང་། ཤབ་དགེ་སྡིངས་པ་ནམ་མཁའ་རྒྱལ་མཚན་པ་དང་། བདག་པོ་ཞལ་ལུ་བ་བསོད་རྒྱལ་བ་གཉིས་བྱོན། སྔ་མའི་སྲས་རྒྱ་གར་པ་དང་བློ་གྲོས་པ། ཕྱི་མའི་སྲས་རྒྱ་ནག་པ༑ གྲགས་རྒྱལ་བ་རྣམས་ད་ལྟ་བཞུགས་སོ། །དུས་མཆོད་པ་པཱ་ལེན་དབང་ཀུན་དགའ་ལེགས་པ་ལ་བདག་པོ་ཀུན་རིན་པ་དང་ཡུམ་གཅིག་པའི་བླ་ཆེན་བསོད་ནམས་བློ་གྲོས་པ་ནི། ཡབ་དགུང?དགུ་ལོ་ཉེར་ལྔ་པ་ཆུ་ཕོ་སྤྲེའུ་ལ་འཁྲུངས། འདི་ཡང་ཆོས་རྗེ་བླ་མ་དམ་པས་བསྐྱངས། ལུང་རིགས་མན་ངག་མཐའ་དག་ལ་མཁས། དགུང་ལོ་ཉེར་གསུམ་པ་ལ་སྟག་ཚང་རྫོང་