R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 99
[A:99]གདན་ས་གནོན་པ་ལ་རྟེན། འདི་རྣམས་ཁྱེར་གསུངས་ནས།བྱང་ཆུབ་ཆེན་པོའི་ཤིང་ལྷ་གཅིག པད་སྤུངས་ཆུང་ངུ་གཅིག ཏྲག་ཤད་ཀྱི་ཐང་ཁ་ཁྲུ་གང་པ་གཅིག་རྣམས་གནང་ནས། འདི་རྣམས་དང་མ་བྲལ་བ་གྱིས་གསུངས། དེ་རྣམས་གདན་དྲངས་ནས་ཕྱིན་པས། གདན་ས་ནོན་ཅིང་། ཕྲིན་ལས་དར་རྒྱས་ཆེ། སྐུ་ཚེ་མཐར་ཕྱིན། གདན་ས་ལོ་མང་དུ་མཛད་ནས། ཟུར་དུ་ཐུགས་དམ་ལ་བཞུགས། གདན་སར་མཁན་པོ་ཤེས་རྡོར་བསྐོས། ཁོང་པས་ཀྱང་རྟེན་གསུམ་པོ་དང་མ་བྲལ་བར་མཛད་པས་སྐུ་ཚེ་མཐར་ཕྱིན།ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བས། མཁན་པོ་ཐམས་ཅད་མཁྱེན་པར་གྲགས། གདན་ས་ལོ་མང་དུ་མཛད་པའི་རྗེས་སུ་ཟུར་དུ་བཞུགས་ནས། མཁན་པོ་འདུལ་བ་འཛིན་པ་ལ་གདན་ས་གཏད།མཁས་པ་ཆེན་པོས་བསྟན་པའི་བྱ་བ་ཡུན་རིང་དུ་མཛད་ནས། མཁན་པོའི་ངང་ནས་སྐུ་གཤེགས། དེའི་རྗེས་སུ་མཁན་པོ་འཇམ་དབྱངས་པས་རྭ་སྒྲེང་གི་གདན་ས་ལོ་མང་དུ་མཛད་ནས། ད་ལྟའང་ཟུར་ན་བཞུགས་སོ། །ལྷ་འགྲོ་བ་མགོན་གྱིས་གནང་བའི་རྟེན་གསུམ་པོ་འདི།ད་ལྟའང་རྭ་སྒྲེང་གི་གདན་ས་སུ་བྱེད་ཀྱིས་འབྲལ་མེད་དུ་འཆང་གིན་ཡོད། ཡང་པོ་ཏོ་བ་ཆེན་པོ་ལ། ཐུགས་ཀྱི་བུ་ཆེན་བརྒྱད་དུ་གྲགས་པ་ནི། གཙང་དུ་རམ་དིང་མ་བ་དང་སྣང་གྲེ་ལྷས་པ་གཉིས།གཉལ་ན་གླང་གཉོས་གཉིས་སུ་གྲགས་པ་ནི་གླང་བྱ་ར་བ་དང་གཉོས་བྲ་གོར་བ། དོལ་ནས་བྷེ་མོན་བུ་ཆུང་བ། རོག་དམར་ཞུར་བ་གཉིས།