[A:100]ཁམས་སུ་བྱ་ཕག་གཉིས་སོ། །དབུར་སྟོད་ནས་ཞང་ཤ་ར་བ་ཡོན་ཏན་གྲགས གླང་རི་ཐང་པ་ཡོན་ཏན་སེང་གེ་གཉིས་ལ་དབུས་ཀྱི་ཉི་ཟླ་ཟུང་གཅིག་ཏུ་གྲགས། གླང་རི་ཐང་པའི་སློབ་མ་ཤ་བོ་སྒང་པ་ནས་གླང་ཐང་ཞང་། དགེ་བཤེས་གཉན། སློབ་དཔོན་སྒོམ་པ།དགེ་བཤེས་འགར་བ། སློབ་དཔོན་གཙང་པ། དེ་ནས་གླང་ཐང་།རྒྱུ་མའི་སངས་རྒྱས། དབོན་སྟོན་ལ་ཕུལ། གླང་ཐང་ཞང་གི་སློབ་མ་ཆོས་རྗེ་ཕག་མོ་གྲུ་པ་ཡང་ཡིན། ཞང་ཤ་ར་བ་ལ་གྲྭ་པ་སུམ་སྟོང་དྲུག་བརྒྱ་ཁ་ཡང་ཙམ་བྱུང་བའི་ནང་ནས་བཀའ་བབས་བཞིར་གྲགས་པ་ནི།བྱང་ཆུབ་སེམས་ཀྱི་བཀའ་བབས་བྱ་འཆད་ཁ་བ། རྣམ་ཐར་གྱི་བཀའ་བབས་ཉི་མ་འདུལ་འཛིན། ལོངས་སྤྱོད་ཀྱི་བཀའ་བབས་རྣལ་འབོར་ཤེས་རྡོར། འདིས་གདན་ས་ལོ་གསུམ་མཛད་། གཞུང་བཤད་ཀྱི་བཀའ་བབས་དམ་པ་སྟབས་ཁ་བ་དང་བཞི། སྣར་ཐང་པ་ཆོས་ལུང་སྐུ་གཤེགས་པ་དང་ལྔ་ཡིན། སྔར་གྱི་སྟབས་ཁ་བས་འོད་འཇོ། ཁྲ་ཕུ། སྟབས་ཁ་དང་གསུམ་བཏབ་ནས་འོད་འཇོ་རོང་སྟོན་ཁའོ་ཆོས་བསྐྱངས། ཁྲ་ཕུ་མཉམ་མེད་འདུལ་བ་འཛིན་པས་བསྐྱངས། འདིའི་རིང་ལ་བཀའ་དམས་ཀྱི་ཐུས་ཆེན་བརྒྱད་ལ་སོགས་པ་ཆོས་ཁྲིམས་ཆེན་མོ་རྣམས་མཛད། བྱང་ཆུབ་སེམས་ཀྱི་བཀའ་བབས་བྱ་འཆད་ཁ་བ་ནི་འཁྲུངས་ཡུལ་ལོ་རོ། གདུང་རུས་བྱ་ཡིན། སྐུ་ན་གཞོན་པའི་དུས་སུ། ལོ་རོ་རས་ཆུང་པའི་སློབ་མ་ཡིན་པ་ལ། ལོ་རོ་ཞིང་གསར་དུ་རྩེ་བེར་བྱ་བ་ལ་མཁན་པོ་ཞུས།