R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 98
[A:98]པ་ལ་རྭ་སྒྲེང་དུ་སྐུ་གཤེགས། དེའི་རྗེས་ལ་རྣལ་འབྱོར་པ་ཆེན་པོས་གདན་ས་ལོ་ཕྱེད་དང་བཅུ་བཞི་བཟུང་ནས་དྲུག་ཅུ་རྩ་གསུམ་ལ་སྐུ་གཤེགས། དེའི་རྗེས་སུ་རྣལ་འབྱོར་གྱི་དབང་ཕྱུག་དགོན་པ་བས་གདན་ས་བཟུང་། རྭ་སྒྲེང་གི་དགོན་པ་གོང་མ་བཏབ། རིན་པོ་ཆེ་སྣེ་ཟུར་བ་ལ་སོགས་སྨིན་པར་མཛད་དོ། །དེ་ནས་དགེ་བཤེས་སྟོན་པའི་སློབ་མ་སྐུ་མཆེད་རིན་པོ་ཆེ་གསུམ་ནི། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། པོ་ཏོ་བ་རིན་ཆེན་གསལ། སྤྱན་སྔ་བ་ཚུལ་ཁྲིམས་འབར་ཏེ། ཁམ་པ་ལུང་པ་ཤཱཀྱ་ཡོན་ཏན་དང་བཞིར་ཡང་གྲགས།ཕུ་ཆུང་བས་སློབ་མ་ལ་རྟེན། པོ་ཏོ་བས་སློབ་མ་ཉིས་སྟོང་དང་བརྒྱད་བརྒྱ་ཙམ་འདུས། རྭ་སྒྲེང་གིའང་གདན་ས་ལོ་གསུམ་བཟུང་། དེའི་རྗེས་སུ་རྣལ་འབྱོར་ཤེས་རྡོར་གྱིས་གདན་ས་མཛད་པ་ཡིན་ནོ། །བར་སྐབས་འདིར་གདན་ས་ཇི་ལྟར་བྱོན་པ་མ་ཏོགས། རྟིང་ལ་འོད་འཇོ་བས་རྭ་སྒྲེང་བཟུང་། མཁན་པོ་གུར་སྟོན་བསྐོས། དེའི་རྗེས་སུ་གདན་ས་མ་ནོན་པར་སུ་བསྐོས་ཀྱང་ཡུན་རིང་མ་ཐུབ། དེའི་དུས་སུ་མཁན་པོ་རྨ་སྟོན་བྱ་བ་ལྷ་འགྲོ་བའི་མགོན་པོའི་སློབ་མ་གཅིག་ཀླུང་ཤོད་མཁར་ཐོག་ན་བཞུགས་པ་ལ། རྭ་སྒྲེང་དཔོན་གནས་ཀྱིས་རྭ་སྒྲེང་གི་གདན་ས་ལ་སྤྱན་འདྲེན་དུ་བྱུང་བ་འགྲོ་མ་ནུས་པར། ལྷ་འགྲོ་བ་མགོན་གྱི་དྲུང་དུ་ཞུས་པས། ཁྱོད་རྭ་སྒྲེང་གི་གདན་ས་ལ་འགྲོ་བ་ལ་ངོ་ཚ་མི་དགོས། ངས་འདི་ནས་སྦྱིན་གྱིས་རློབ་པ་ཡིན་པས། ཁྱོད་རང་ཆོས་འཆད་པ་དང་གཏམ་གཏོང་བ་མན་པ་ཅི་ཡང་བྱ་མི་དགོས།