[A:101]སློབ་དཔོན་དགས་པོ་གཙང་འདུལ་ལ་ཞུས་ཏེ་རབ་ཏུ་བྱུང་། མཚན་ཡེ་ཤེས་རྡོ་རྗེར་བཏགས། གཉལ་དུ་ངོ་རྗེ་བཙན་པོ་རའི་ཆོས་འཁོར་གཅིག་གི་སར་རས་ཆུང་པའི་ཕྱི་ལ་བྱོན་པས། ཆོས་འཁོར་གྱི་གྲལ་མགོ་ལ། རྔོག་ལོ་ལ་སོགས་སྡེ་སྣོད་འཛིན་པ་མང་པོས་གྲུབ་མཐའི་རྣམ་དབྱེ་འབྱེད་པ་གཟིགས་པས་ཐུགས་མོས་ཤིང་། ཆོས་ཚོལ་བ་ལ་བྱོན།གཡེ་ཆུང་གི་སྦྲེ་དགོན་པ་ན་སྤྱན་མངའ་རིན་པོ་ཆེའི་སློབ་མ་དགེ་བཤེས་སྦྲེ་པ་ཆེན་པོ་བཞུགས་པ་དང་མཇལ། བསྙེན་རྫོགས་ཀྱི་མཁན་པོ་ཞུས་པས། དགེ་བཤེས་སྦྲེ་པ་ཆེན་པོ་མཁན་པོ་མི་བྱེད་པའི་དམ་བཅའ་བྱས་ནས་མ་གནང་། དེ་དུས་ཇོ་དན་ཚ་རོང་པ་དང་།དགས་པོ་གཙང་འདུལ་བ། སྦྲེ་པ་ཆེན་པོའི་སར་བྱོན་པ་ལ།མཁན་སློབ་ཞུས་ནས་བསྙེན་རྗོགས་མཛད། དེ་ནས་རིམ་གྱིས་བྱོན་ཏེ། ཤ་མི་ལ་འདུལ་བ་ཉན། དེ་ཙ་ན་ཡར་ལུངས་སུ་ཆོས་འཁོར་གཅིག་གི་སར་བྱོན། དགེ་བའི་བཤེེས་གཉེན་མང་པོ་སྟེན། ཁྱད་པར་དགེ་བཤེས་ཉང་ལྕགས་ཞིང་པ་ལ་བློ་སྦྱོང་ཚིག་བརྒྱད་མ་གསན་པས་དད་ནས། པོ་ཏོ་བའི་སློབ་མ་དོལ་པ་དང་། ལུགས་སྨད་པ་གཉིས་ལོ་བཞི་སྟེན། དེ་ནས་དགུང་ལོ་སུམ་ཅུ་ལོན་པའི་དུས་སུ་དབུ་རུར་བྱོན། དགེ་བཤེས་ཆེན་པོ་ཤ་ར་བ་གཞོའི་ཁང་པ་གནས་ན་བཞུགས་པ་དང་མཇལ། ཚོགས་མཆོད་གཅིག་གསན་པས། བློ་སྦྱོང་གི་ཚིག་གསལ་བར་མ་བྱུང་བས། ཐུགས་མ་ཆེས་པར་ཉིན་གཅིག་དགེ་བཤེས་ཆེན་པོ་ཤ་ར་བ་དེ། གྲྭ་པ་ཐམས་ཅད་སྟོན་མོ་ལ་