[A:105]སྤང་ས་ཐང་བ། ལྷ་དགེ་འདུན་སྒང་བ། ཉན་ལྷ་སྡིང་ས་པ་རྣམས་ཀྱིས་རྡོ་ས། སྤང་ས། དགེ་འདུན་སྒང་ཉན་ལྷ་སྡིངས་རྣམས་བཏབ། ལྷ་ཆེན་པོའི་སྤྱིལ་པོའི་གདན་ས་བཟུང་བ་ཡིན། དེའི་རྣམ་ཐར་ནི། ཡབ་ཇོ་བོ་རྣལ་འབྱོར། ཡུམ་སྣ་ནམ་ཟ་དཔལ་འདྲེན་གྱི་སྲས་སུ་སྟག་གི་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔའི་ཉི་མ་ཤར་བ་དང་དུས་མཚུངས་ལ་ཕོ་བྲང་ཁང་དམར་དུ་སྐུ་འཁྲུངས། དགུང་ལོ་བརྒྱད་ལོན་པའི་དུས་སུ། གུ་རི་བ་ཆེན་པོ་ལ་བསྙེན་གནས་དང་།གཏོར་ཆོག་ལ་སོགས་པའི་ལུང་ཞུས། དེ་དུས་དགེ་བའི་བཤེས་གཉེན་སྣེ་ཟུར་པའི་མཚན་ཐོས་པ་ཙམ་གྱིས་དད་པ་སྐྱེས། དགུང་ལོ་བཅུ་བཞི་པ་ལ། གུ་རི་བ་ཆེན་པོ་ལ་དགེ་བསྙེན་གྱི་སྡོམ་པ་ནོས་ནས།དགུང་ལོ་བཅོ་ལྔར་རྒྱ་དུར་གྱི་མཁན་པོ་གྲུབ་དཀར་བྱ་སར་གདན་དྲངས་ནས་སློབ་དཔོན་ཞུས། འཕྱིང་ཕུ་ནས་དགེ་བཤེས་གཙང་པ་ཁྱུང་པོ་སྤྱན་དྲངས་ནས་མཁན་པོ་ཞུས་ཏེ། བྱ་སར་རབ་ཏུ་བྱུང་སྟེ།མཚན་བྱང་ཆུབ་རིན་ཆེན་བྱ་བར་བཏགས། ཀ་རི་ཀ་ལ་སོགས་པ་གསན། སུམ་བརྒྱ་པ་ཚར་གཉིས་གསན་ནས་མཁྱེན་པས། ལོ་དེ་ཉིད་ལ་སྤུ་གུ་རྡོར་གསུངས། དགེ་བཤེས་བྱ་འཆད་ཁ་བའི་སྐུ་གབ་གཅིག་གཟིགས་པས་ཤིན་ཏུ་དད་ནས། འདི་ཇི་སྐད་བྱ་བ་ཡིན་བྱས་པས། འཆད་ཁ་བ་བྱ་བ་ཡིན་དེ་འདས་ནས་མེད། གདན་ས་ལ་དགེ་བཤེས་སེ་བྱ་བ་གཅིག་ཡོད་ཟེར། དེའི་རྩར་ཅི་ནས་ཀྱང་འགྲོ་དགོས་སྙམ་པ་ཞིག་བྱུང་གསུངས། དེ་ནས་རིམ་གྱིས་བྱོན་ནས་སེ་