R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 110
[A:110]མཚར་ཅན་མང་པོ་བྱོན་པ་ལས། སྤྱིལ་བུའི་ནང་རྟེན་གསེར་སྐུའི་ནང་དུ་སྤྱན་བཞུགས། ཐུགས་འཆད་ཁ་གྲྭ་སྡེས་གདན་དྲངས་ནས་ངོ་སྒྲའི་གདུང་ཁང་ཆེན་མོར་བཞུགས། ལྗགས་གཡོར་པོར་གདན་དྲངས་ནས། སྤུ་གུ་རྡོའི་བྱང་ཆུབ་ཆེན་པོའི་ཐུགས་ཁར་བཞུགས། དུང་གཡས་འཁྱིལ་བཞི་བྱོན་པ་ལ། གཅིག་རུག་པའི་གསེར་སྐུར་བཞུགས། གཅིག་སྤང་ས་བའི་རྟེན་སྐལ་ལ་གདུང་ཁང་བཞེངས་པའི་ནང་དུ་བཞུགས་ཏེ་ངོ་སྒྲ་ན་ཡོད། གཅིག་ད་ལྟའང་སྤྱིལ་བུའི་རྟེན་ལྟད་སྟོན་པ་རྣམས་ཀྱི་ནང་ན་ཡོད། དེའི་རྗེས་སུ་ལྷ་བྲག་ཁ་བ་ནི། ཇོ་བོ་ཤཱཀྱ་བཀྲ་ཤིས་དང་སྐྱོ་མོ་དར་རྒྱན་གྱི་སྲས་བྱི་ཆུང་དུ་སྐུ་འཁྲུང་ས། ལྷ་འགྲོ་མགོན་གྱི་ཞབས་ལ་གཏུགས། སྦས་པ་སྟོན་གཞོན་གྱི་ཡོན་ཏན་བུམ་པ་གང་འཇོའི་ཚུལ་དུ་མཁྱེན། ཐུགས་བྱང་ཆུབ་ཀྱི་སེམས་དང་ལྡན་དེས་བསྟན་པའི་མངའ་མཛད་ནས་བུ་སློབ་རྣམས་བསྐྱངས། འཆད་ཁ་སྤྱིལ་བུའི་གཟིམ་ཁང་ལ་སོགས་ཕྱག་རྗེས་མང་དུ་བཞག་གོ །དེའི་རྗེས་སུ་ཇོ་འབེལ་གྱི་སྲས།་ལྷ་ཟུར་ཁང་པར་གྲགས་པ་དེ། ལྷ་བྲག་ཁ་བའི་ཞབས་ལ་གཏུགས། དགེ་བསྙེན་གྱི་སྡོམ་པ་ནོས། མཁན་པོ་ལྷ་རུ་བ་ཆེན་པོ་དང་། སྦས་པ་སྟོན་གཞོན་གྱིས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་། དེ་ཉིད་ཀྱིས་བྱམས་ཆོས་རྣམས་དང་དབུ་མ་ཚིག་འཇུག་ལ་སོགས་པ་ཐོགས་པ་མེད་པར་མཁྱེན། མཁན་པོ་ལྷ་རུ་བ་ལ་མཛོད་གསན་ནས་ཚོགས་སུ་གསུངས། མདོར་ན་བསླབ་སྤྱོད་ལ་སོགས་སྤིན་ཐད་ཐའི་རྒྱུད་རིགས་ཆད་པ་ལ་མཁས་པར་གྲགས་ཤིང་།