R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 119
[A:119]ཚེ་རིང་པོ་ཡུན་རིང་དུ་སྟེན། ཡོན་ཏན་དུ་མ་དང་ལྡན་པ་དེ།དགུང་ལོ་ཉི་ཤུ་རྩ་ལྔར་གདན་སར་བསྐོས། བླ་མའི་ཐུགས་དགོངས་སྐོང་བའི་དོན་དུ་དབུ་རྩེ་ཁྱམས་དང་བཅས་པ་ལ་ཟངས་ཐོགས་སྐྱོན།གཟིམ་ཆུང་ཟུར་དུ་བརྫིགས། སྒོམ་སྡེ་ཟུར་དུ་བཙགས། དབུ་རྩེ་རྙིང་མ་ལ་གསེར་བཀལ། གླི་བུར་ཟུར་དུ་བཞེངས། གཟིམ་ཆུང་དཀར་པོ་བཞེངས་པ་དང་། སྒོམ་སྡེ་བཙུགས་པ་ལ་སོགས་ཕྱག་རྗེས་མང་དུ་བཞག འདིའི་རིང་ལ་དྭགས་ཀོང་ལ་སོགས་བུ་སློབ་མང་དུ་འདུས་པས། བྱ་ཡུལ་བ་བཀའ་དྲིན་ཆེའོ། །དེའི་རྗེས་སུ་གཙང་སྟོན་གྱིས་གདན་ས་ལོ་གསུམ་མཛད་པའི་རིང་ལ། ས་འབྲིའི་ཟང་ཟིང་བྱུང་ནས་བྱ་ཡུལ་མེས་བསྲེགས། གཙང་སྟོན་རང་ཡང་དཀྲོངས།དེའི་རྗེས་སུ་སློབ་དཔོན་ཇོ་བོ་ནི་ཁམས་ལུང་པའི་སློབ་མ་ཡིན། གཙང་གྲོ་དགོན་པའི་གདན་ས་མཛད་ཀྱིན་ཡོད་པ་ལ། བྱ་ཡུལ་དུ་སྤྱན་དྲངས་ནས་གདན་ས་བསྐོས། སེ་ཆེན་རྒྱལ་པོས་ཞིག་གསོས་ཀྱི་གནང་སྦྱིན་ལ་གསེར་བྲེ་ཉི་ཤུ་རྩ་བདུན་ཐུགས་ལ་བཏགས་ནས་ལྷ་ཁང་གསོས།གདན་ས་ལོ་ཉི་ཤུ་རྩ་གཉིས་བསྐྱངས་ནས། བྱ་ཡུལ་དུ་མྱ་ངན་ལས་འདས། དེའི་ཐུགས་ཀྱི་སྲས་སངས་རྒྱས་སྟོན་པ། འཁྲུངས་ཡུལ་གྲུ་ཤུལ་བ་དེས་གདན་ས་བསྐྱངས། དེའི་ཐུགས་ཀྱི་སྲས་སངས་རྒྱས་སྒོམ་པ། མཚན་ཚུལ་ཁྲིམས་ཤེས་རབ་ནི། འཁྲུངས་ཡུལ་ལོ་རོ་བ།གཉལ་སྨད་ཟངས་པ་ཆེ་པ་དང་མཁན་ཆེན་མཚོ་སྣ་བ་ལས་རབ་ཏུ་བྱུང་། མདོ་རྩ་བ་ལ་སོགས་པ་གསན་པ་རྒྱ་ཆེར་མཛད། བྱ་ཡུལ་