R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 124
[A:124]བདུན་པ། རྔོག་ལོ་ཙྪ་བའི་བཤད་བརྒྱུད་ཀྱི་མཛད་པ་ཇི་ལྟར་འཕེལ་བའི་སྐོར། དཔལ་ལྡན་རྔོག་ལོའི་བཤད་བརྒྱུད་འདི་ནི་ཤིན་ཏུ་ཆེས་བཀའ་དྲིན་ཆེ་བ་ཞིག་ཡིན་ཏེ། གངས་ཅན་ལྗོངས་ན་བཤད་ཉན་མཛད་པ་ཕལ་ཆེར་ལོ་ཙྪ་བ་ཆེན་པོ་ལས་མ་བརྒྱུད་པ་མེད་པས་སོ། །དེ་ལ་སྔོན་གྱི་ཡི་གེ་ལ་འདི་ལྟར་སྣང་སྟེ། ཁ་བ་ཅན་གྱི་ལྗོངས་འབྲོག་མཚོ་དང་ཉེ་བའི་སར། སྔགས་རྙིང་མ་བའི་དགེ་བཤེས་རྡོ་རྗེ་གཞོན་ནུ་བྱ་བ་ལ་སྲས་ལྔ་ཡོད་པའི་ཆེ་ཤོས་རྔོག་ལེགས་པའི་ཤེས་རབ་ཀྱིས། ཇོ་བོ་ཆེན་པོ་རྗེའི་ཕྱག་ཕྱི་ལ་བྱོན་པའི་དུས་སུ། སྙེ་ཐང་ནས་གསང་ཕུ་ལ་ཕྱག་མཛུབ་བཙུགས་ཏེ། ལུང་པ་ཡ་གིའི་ནང་ན་དུང་གཡས་སུ་འཁྱིལ་བ་འདྲ་བ་གཅིག་ཡོད། དེའི་སྟེང་དུ་ལེགས་ཤེས་ཁྱོད་རང་གཙུག་ལག་ཁང་ཐོབ་ལ་བཤད་ཉན་གྱིས་ཞེས་ལུང་བསྟན་པས། དེ་ནས་དུས་མི་རིང་བ་ཞིག་ན་བྲག་ནག་གི་འོག་དེར་སྡེ་ཆུང་གཅིག་བཏབ་ནས་བཞུགས་པས་འགྲོ་དོན་མ་བྱུང་། རྟིང་ལ་ནེའུ་ཐོག་གི་ས་ཆ་དེར་གཟིགས་པས། སྔར་ལུང་བསྟན་པའི་ས་ཆ་དེ་ཡིན་པར་མཁྱེན་ནས།གསང་ཕུ་ནེའུ་ཐོག་གི་གཙུག་ལག་ཁང་བཞེངས་ཏེ་བསྟན་པའི་བྱ་བ་མཛད་དོ། །དེའི་གཅུང་པོ་ཀླུ་ཁྲི། ཀླུ་བྱང་། ཆོས་སྐྱབས།