R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 126
[A:126]རིས་སྟོད་དུ་ཕེབས། མངའ་བདག་དབང་ལྡེ་དང་ཁྲི་བཀྲ་ཤིས་དབང་ཕྱུག་བཙན་གྱིས་འགྱུར་གྱི་ཡོན་བདག་མཛད་ནས། ཚད་མ་རྒྱན་ལ་སོགས་པ་ཆོས་མང་པོ་བསྒྱུར། དེ་རྗེས་དབུས་སུ་ཕེབས་ནས་ཁུ་བོའི་གདན་ས་གསང་ཕུ་ནེའུ་ཐོག་ལ་སོགས་པ་གནས་ཁྱད་པར་ཅན་མང་པོར་ཆོས་གསུངས། དབུས་གཙང་། ལྷོ་བལ། མདོ་སྟོད་སྨད།ཤར་ཙོང་ཁ། རྒྱ་མི་ཉིག་ལ་སོགས་གྲུབ་མཐའ་འཛིན་པ། སློབ་མ།ཉིང་སློབ་ཏུ་མ་གྱུར་པ་མེད་ཅིང་། དབུས་གཙང་དུ་ལོ་བཅུ་བདུན་འགྲོ་དོན་མཛད། དེའི་ཐུགས་ཀྱི་སྲས་ཞང་ཚེ་སྤང་ཆོས་ཀྱི་བླ་མ།ཞང་གྲོ་ལུང་པ་བློ་གྲོས་འབྱུང་གནས། ཁྱུང་རིན་ཆེན་གྲགས།འབྲེ་ཤེས་རབ་འབར་བ་བཞི་ལ་སྲས་ཀྱི་ཐུ་བོ་བཞི་ཟེར། གཞན་ཡང་གངས་པ་ཤེའུ། གུང་བུ་ར་ཅན། ཤལ་པོ་མི་དིག མེ་ལྷང་ཆེ་ཆེར། དམར་གབ་ཡ༑ ཏོག་སྐྱའོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་སྨིན་པར་མཛད་བའི་ནང་ནས། ཞང་ཚེ་སྤོང་ཆོས་ཀྱི་བླ་མས་ནེའུ་ཐོག་གི་གདན་ས་ལོ་སུམ་ཅུ་སོ་གཉིས་མཛད། དེའི་རྗེས་སུ་གཉལ་པ་རི་ལུས་ལོ་གཉིས། རྣམ་བར་བས་ལོ་བརྒྱད། བླ་མ་དེ་གསུམགྱི་སློབ་མ་སློབ་དཔོན་ཆ་པ་ཆོས་ཀྱི་སེང་གེས་ཁྱུང་རིན་ཆེན་གྲགས་ཀྱི་སློབ་མ་རྒྱ་དམར། སྟག་པ་ཁ་ཆེ་ལ་སོགས་ཉང་སྟོད་སྟག་ཚལ།སྨོན་འགྲོ་ལ་སོགས་སུ་བཤད་པ་མཛད་པའི་དྲུང་དུ་བྱོན་ཏེ། སྟོད་ལུང་རྒྱ་དམར་ཟུར་དུ་བསྟེན་ནས། ལུང་རིགས་ཀྱི་སྒྲོ་འདོགས་བཅད་དེ། དགེ་བའི་བཤེས་གཉེན་ཆ་པ་ཆོས་ཀྱི་སེང་གེ་དེས་ནེའུ་ཐོག་གི་