R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 130
[A:130]དང་། གཞུའི་ཀུན་དགའ་ར་བ་ལ་སོགས་སུ་གསུངས་ཤིང་། གྲྭ་པ་འགྲིམ་དུས་གཅིག་ལའང་བརྒྱད་བརྒྱ་ཙམ་འདུས་ཤིང་། མཁས་མགོ་བཙུན་གྱི་ཐོན་པ་ཨད་ཅེས་ཟེར་རོ། །དེའི་སློབ་མ་དཀར་ཆུང་རིང་མོས་རྒྱལ་ལྡེ་སྨན་ཆུང་ལ་སོགས་སུ་བཤད་དོ། །གཉའ་ཁུ་དབོན་ལ་སོགས་ཀྱིས་རྣམས་རྫིང་ཁ་ལ་སོགས་སུ་བཤད་དོ། །དཀར་ཆུང་རིང་མོ་དང་། ཁུའི་སློབ་མ་ཞང་ཨེ་པས་མོན་དྲ་དང་། རྒྱ་གྲོང་། འོར། སྐྱོ་རག མེ་རག འོན་ཤང་རྡོ་ལ་སོགས་སུ་མདོ་སྨད་ཚོ་བཞིའི་གྲྭ་པ་ལ་ཆོས་གསུངས་ཤིང་། མཁས་པ་བསོད་རིན་ལ་སོགས་པ་དང་། གཉལ་པ་ཞིག་པོ། རྒྱལ་པ་སོ་སྟོན་ལ་སོགས་དཔག་ཏུ་མེད་པ་སྨིན་པར་མཛད་ལ། གྲལ་སྟན་ཟ་འོག་ལ་བྱེད་པ་དང་། དུས་ཆོས་རེ་ལ་ཇ་སིག་ཆེན་པོ་ལྔ་བཅུ་ཙམ་སྐོལ་བ་ལ་སོགས་ལོངས་སྤྱོད་ཀྱང་དེ་དུས་ཁོ་ན་ཆེ་བར་གྲགས། དེའི་རྗེས་སུ་མཁན་ཆེན་བསོད་རིན་གྱིས་གདན་ས་བྱས། དེ་གྲུབ་ཐོབ་ལས་སྟོད་དམར་པོའི་བུ་ཆེ་ཤོས་ཡིན། ལས་ཀྱི་མེ་ལོང་ལ་སོགས་པ་བསྟན་བཅོས་ཀྱང་མང་དུ་མཛད། རྗེས་སུ་གྲལ་ཤེས་རྒྱལ་གྱིས་གདན་ས་མཛད།སྐུ་ཚེའི་སྨད་ལ་ཤབ་འབྲེ་སྒང་དུ་བཤད་གྲྭ་བཙུགས་ཤིང་། དེའི་སློབ་མ་ར་གྲགས་ལ་སོགས་པ་ཡིན་ནོ། །ཡང་ཞེ་པ་དང་། དན་འབག་གི་སློབ་མ་གཉལ་པ་ཞིག་པོས་འོན་ཤང་རྡོ་ལ་སོགས་སུ་བཤད། གཉལ་ཞིག་གི་སློབ་མ་དར་དཀོན་གྱིས་ཡར་ལུང་དང་མཚོ་སྨད་ལྷ་ཁང་ལ་སོགས་པར་བཤད་དེ། གཉན་དར་མ་སེང་གེ་དང་བྱ་ཡུལ་དཀར་མོ་