[A:131]ལ་སོགས་པའི་སློབ་མ་བྱུང་ངོ་། །གཙང་དྲུག་གིས་ཞ་ལུར་བཤད་གྲྭ་བཙུགས། འུ་ཡུག་པས་ས་སྐྱར་བཤད་གྲྭ་བཙུགས་ཏེ། ཞང་མདོ་དཔལ་ལ་སོགས་པའི་སློབ་མ་བྱུང་ངོ་། །བོ་དོང་རིན་ཆེན་གྱིས་བྲག་རམ་གྱི་བཤད་གྲྭ་བཙུགས་སོ། །སློབ་དཔོན་དར་འོད། དབུ་མ་བ་ཤེར་འབུམ། བུ་སྟོན་གྲགས་བཟང་ལ་སོགས་སློབ་མ་བྱུང་ངོ་། །ཡང་གཉལ་ཞིག་གི་སློབ་མ་རྒྱ་འཆིང་གིས་བདེ་བ་ཅན་བཏབ། དེ་རྗེས་ཁོང་རང་གི་དབོན་པོ་སངས་རྒྱས་ལ་སོགས་པས་ཆོས་བཤད། དེའི་རྗེས་སུ་གཉན་གྲགས་ཚུལ། དེ་རྗེས་རྒྱ་སྟོན་བསོད་རིན། དེ་རྗེས་དགེ་བྲག་པ། དེ་རྗེས་སྙེ་ཐང་པ་བཀྲ་ཤིས་སེང་གེ་དང་། སློབ་དཔོན་བློ་རིན། ཡང་སློབ་དཔོན་བཀྲས་སེང་། དེ་རྗེས་འཇམ་རིན་གྲགས་སང་། དགེ་སྐོང་པ། དར་མ་སེང་གེ་ལ་སོགས་པ་བདེ་བ་ཅན་པའི་གདན་ས་བ་ཡིན་ཏེ། ཡང་གཉལ་ཞིག་གི་སློབ་མ་བཟད་རིངས་ཀྱིས་ཁྲོ་ཕུར་བཤད་གྲྭ་བཙུགས་པས། འགབ་པ་དང་།སྟག་སྟོན་ལ་སོགས་པའི་སློབ་མ་མང་དུ་བྱོན། དེའི་རྗེས་སུ་ལྡོ་གིས་གདན་ས་བྱས། དེ་གཉིས་ཀྱི་སློབ་མ་ལྷོ་པ་གྲུབ་སེང་གིས་བྱས་ཏེ།རོང་པ་དང་། རིགས་ཐིགས་པ་དང་། གཞོན་མཛེས་དང་།ཞང་ལམ་དང་། ཉག་ཅིག་ལ་སོགས་པ་སློབ་མ་མང་དུ་བྱོན།རིགས་ཐིགས་པའི་སློབ་མ་ཞ་ལུ་མཁན་ཆེན་བུ་སྟོན་རིན་པོ་ཆེ་ཡིན་ནོ།།ཡང་སྐྱེལ་ནག་གིས་སྣར་ཐང་དུ་ཆོད་མ་བཤད་པས། སྐྱི་སྟོན་གྲགས་འབུམ་དང་། ཆུ་མིག་པ་སེང་གེ་དཔལ་ལ་སོགས་པ་བྱུང་། སྐྱི་སྟོན་