[A:137]ཀླུའི་བུ་མོ་ཀླུ་ལྕམ་བྲ་མ་ཁབ་ཏུ་བཞེས་པའི་སྲས་ཀླུ་ཚ་རྟ་པ་འོད་ཆེན།དེས་མོན་བཟའ་མཚོ་མོ་རྒྱལ་ཁབ་ཏུ་བཞེས་པའི་སྲས་གཡའ་དང་སྤང་གི་མཚམས་སུ་སྐྱེས་པས་དེའི་མིང་གཡའ་སྤང་སྐྱེས་བྱ་བར་བཏགས་སོ། །དེས་སྲིན་བུ་སྐྱ་རེངས་ཁྲག་མེད་བསད། གཡའ་འབྲུམ་སི་ལི་མ་ཕྲོགས་ཏེ་ཁབ་ཏུ་བཞེས་པས་སྲས་གཅིག་སྐྱེས་པ་དེ་སྲིན་པོ་དང་འཁོན་པའི་བར་དུ་སྐྱེས་པས། དེའི་མིང་འཁོན་བར་སྐྱེས་བྱ་བར་བཏགས་པས་དེ་ནས་འཁོན་ཞེས་བྱ་བ་གྲགས་སོ། །དེས་བཙན་ཟ་ལྕམ་བུ་ཁབ་ཏུ་བཞེས་པས་སྲས་གཅིག་འཁྲུངས་པ་དེ་མཐོང་བ་ཙམ་གྱིས་ཡིད་འཕྲོག་པ། ཤིན་ཏུ་མཛེས་པ་གཅིག་བྱུང་བས། འདི་འདྲ་མི་ཡུལ་དུ་དཀོན་ཟེར་ནས། མིང་དཀོན་པ་རྗེ་གུང་སྟག་ཏུ་བཏགས་སོ། །དེ་ཡབ་ཀྱིས་ཡུལ་གང་བཟང་ལྟ་བར་བཏང་བས། སྟོད་གཉན་རྩེ་ཐར་གྱི་ཡ་ཆད་ལ་ཡུལ་གྱི་དགེ་བརྒྱད་ཚང་བར་མཐོང་སྟེ། དེའང་མཚོ་རྗེ་མཚོ་མ་ནི་ཞིང་ཆུ་དང་བཏུང་ཆུར་བཟང་བ། ཞིང་ཐང་ཆེན་དང་ཐང་ཆུང་ནི་ཁང་པ་དང་ཞིང་སར་བཟང་བ། ནགས་རྒུན་བུ་དང་རྒུན་དམུག་ནི་ཁང་ཤིང་དང་བུད་ཤིང་དུ་བཟང་བ། ཐར་གྱི་ཡ་ཆད་ནི་གམ་འབྲོག་དང་རྒྱང་འབྲོག་ཏུ་བཟང་བར་གཟིགས་ཏེ་ཡུལ་དེ་བཟུང་ངོ་། །དེའི་དུས་སུ་བོད་ན་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བཞུགས་པའི་སྐུ་རིང་ལ། ཟ་ཧོར་གྱི་མཁན་པོ་ཞི་བ་འཚོ་གདན་དྲངས།དེའི་སློབ་བུ་བོད་ཀྱི་བཙུན་པ་ལ་སྔ་བ་སད་མི་མི་བདུན་དུ་གྲགས་པ་ཡོད། རྒན་གསུམ་གཞོན་གསུམ་བར་པ་གཅིག་དང་བདུན་ཡོད་པ་ལ།