R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 136
[A:136]པར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གནས་པའི་ས་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདིར་ཧོར་དམག་ལ་སོགས་པའི་གནོད་པ་མེད་པར་མཛད་ཅིང། སྟོབས་ཀྱི་ཁ་ལོས་སྒྱུར་བ་སེ་ཆེན་གན་དང་བླ་མ་འཕགས་པ་ཡོན་མཆོད་དུ་འབྲེལ་ནས། བསྟན་པ་རིན་པོ་ཆེ་ལ་ཕུ་དུད་དུ་ཞབས་ཏོག་བྱེད་དུ་བཅུག་ནས། བདེ་བར་གཤེགས་པའི་བསྟན་པ་ཆེས་གསལ་བར་མཛད་པ་ཡིན་ཏེ། དེ་ལྟ་བུའི་བཀའ་དྲིན་ཅན་གྱི་གདུང་རྒྱུད་ཀྱི་མཛད་པ་དང་ལོ་རྒྱུས་ནི་གདན་ས་ཆེན་པོ་ན་ཡོད་པའི་མཁན་གྱི་ཡིག་ཚང་རྙིང་པ་ན་འདི་ལྟར་སྣང་སྟེ། གདུང་རྒྱུད་རིན་པོ་ཆེ་འདི་དང་པོར་ལྷ་ལས་ཆད། དེའང་ཐོག་མར་གནམ་ལྷ་མཆེད་གསུམ་བྱོན་པའི་ཆེ་བ་གནམ་ལྷ་སྤྱི་རིང་། བར་པ་གནམ་ལྷ་གཡུ་རིང་། ཆུང་བ་གནམ་ལྷ་དབུ་སེ་ཞེས་བྱའོ། །དེ་རྣམས་ལ་མི་རྗེ་ཞུས་པས། ཆུང་བ་དེ་མི་ཡུལ་དུ་བྱོན། མིའི་རྗེ་མཛད། དེ་ལ་སྲས་བཞི་བྱུང་སྟེ།སེ་བྱི་ལི་སྤུན་བཞིར་གྲགས་སོ། །དེ་རྣམས་ཀྱིས་ལྡོང་རུས་ཆེན་བཅོ་བརྒྱད་དང་འཐབས་སྐད། དེའི་གྲོགས་ལ་གནམ་ལྷ་གཡུ་རིང་བྱོན།ལྡོང་རུས་ཆེན་བཅོ་བརྒྱད་བཏུལ་ནས་བྲན་དུ་བཀོལ་སྐད་དོ། །འོ་ན་གདུང་རྒྱུད་འདི་གང་ལས་འདོད་ན། གནམ་ལྷ་གཡུ་རིང་གིས་དམུའི་བུ་མོ་དམུ་ཟ་ལྡེམ་བུ་ཁབ་ཏུ་བཞེས་པ་ལ་སྲས་བདུན་བྱུང་སྟེ། མ་སངས་སྤུན་བདུན་དུ་གྲགས་སོ། །གཅེན་དྲུག་ཡབ་དང་བདུན་ལྷ་ཡུལ་དུ་གཤེགས་སོ། །ཆུང་ཤོས་དེས་ཐོག་ལྷ་འོད་ཆེན་གྱི་བུ་མོ་ཐོག་ལྕམ་འུར་མོ་བྱ་བ་ཁབ་ཏུ་བཞེས་པའི་སྲས་ཐོག་ཚ་དཔའ་བོ་སྟག་ཡིན་ནོ། །དེས་