R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 142
[A:142]བའི་ཚེས་བཅུ་བཞི་ལ་བདེ་བར་གཤེགས། བླ་མ་དེས་གདན་ས་བཏབ་ནས་ལོ་སུམ་ཅུ་ཐམ་པ་བཟུང་། བླ་མ་དེ་ལ་སྲས་གཅིག་འཁྲུངས་པ་ས་སྐྱ་ཆེན་པོ་ཞེས་གྲགས། དེ་ཡང་བླ་མ་དཀོན་མཆོག་རྒྱལ་པོ་དགུང་ལོ་ང་དགུ་བཞེས་པ་ཆུ་ཕོ་སྤྲེའུ་ལ་གུ་ར་བའི་སྲིང་མོ་ཇོ་མོ་ཞང་མོ་ལ་བླ་མ་ཀུན་དགའ་སྙིང་པོ་འཁྲུངས་ཏེ། དུས་རེ་ཞིག་གསང་ནས་ཡོད་པ་ལ། ཆེན་མ་རྡོ་རྗེ་ཕྱུག་མོས་ཚོར་ནས། མོ་ན་རེ། ཉིད་ཀྱི་གདུང་རྒྱུད་འདི་འཆད་དུ་འཕངས་པ་ཡིན། ཞང་མོ་ལ་སྲས་ཡོད་པ་དེ་བདག་ལ་གསང་བ་མ་ལེགས་ཀྱང་། ད་ཉིད་ལ་སྲས་ཡོད་པས་ཆོག བདག་ལ་ནོར་མི་དགོས། བུའི་མ་ལ་ནོར་དགོས་པ་ཡིན་གསུངས་ནས། ས་སྐྱའི་མདུན་གྱི་མཆོད་ཞིང་ཆེན་མོ་མ་གཏོགས་པ་རྣམས་ཞང་མོ་ཡུམ་སྲས་ལ་གཏད། དེ་ནས་དགུང་ལོ་བཅུ་གཅིག་ལོན་པ་ལ་ཡབ་དེ་བར་གཤེགས་ཏེ་རྩིས་བྱས་པས། གཤེགས་རྫོང་བྱེད་པ།ཕྱི་རྟེན་གྱི་འགྲམ་འདིང་བ། གདན་ས་བ་ཚུད་པ་རྣམས་ཉིན་གཅིག་ལ་གྲུབ་ན་ཤུལ་དང་ཕུན་སུམ་ཚོགས་པ་ཡོད་ཟེར། ཡུམ་ན་རེ། ཉིད་ཀྱི་ཡབ་དང་ལོ་ཙྪ་བ་འབྲེལ་བའི་ཆོས་འདི་རྫུན་ཆུང་ཟེར་ནས་མཉེས།ཡབ་ཀྱི་སློབ་དཔོན་ཡང་ལོ་ཙྪ་བ་ཡིན་པས། ཉིད་ཀྱང་ལོ་ཙྪ་བ་གཅིག་ལ་ཆོས་སློབ་དགོས་ཤིང་། ཉིད་ཆུང་བས་འོ་ཅག་གིས་དགོན་པ་མི་ཟིན། གདན་ས་བ་རི་ལོ་ཙྪ་བ་ལ་གཏད་པ་དྲག་ཟེར་ནས།བ་རི་བ་གཡུང་མཁར་མོ་ན་ཡོད་པ་སྤྱན་དྲངས་ཏེ། འཕྲང་བྲག་དམར་གཉིས་བསགས་ནས་ཆོས་འཁོར་བྱས་པ། ཕྱི་རྟེན་གྱི་འགྲམ་