R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 145
[A:145]དགའ་འབར་འཁྲུངས་ཏེ། དེ་ཉིད་གཞོན་ནུ་ལ་རྒྱ་གར་དུ་བྱོན། མ་ག་ཏར་སློབ་གཉེར་མཛད། རིག་པའི་གནས་ལྔ་ལ་མཁས་པར་གྱུར་ནས་བོད་དུ་བྱོན་པར་གྲབས་བྱས་པའི་ཐོག་ཏུ་ཚད་པའི་སྙུང་གཞི་བྱུང་ནས་དགུང་ལོ་ཉི་ཤུ་རྩ་གཉིས་པ་ལ་མ་ག་ཏ་ཉིད་དུ་སྐུ་གཤེགས་སོ། །ཇོ་མོ་ཆེ་བ་ཚ་མོ་རོང་པའི་ཇོ་ཡིན་པ་མ་གཅིག་འོད་སྒྲོན་བྱ་བ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་དེ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་ཞེས་བྱ་སྟེ། དེ་ཉིད་ཡབ་དགུང་ལོ་ང་གཅིག་བཞེས་པའི་དུས་ཆུ་ཕོ་ཁྱི་ལོ་ལ་སྐུ་འཁྲུངས་ཤིང་། གཅུང་ལ་གདན་སའི་མཐིལ་ཞུགས་གཏད་དེ། དགུང་ལོ་བཞི་བཅུ་ཞེ་གཅིག་པ་ཆུ་ཕོ་སྟག་གི་ལོ་སྨལ་པོ་ཟླ་བའི་ཚེས་བཅུ་གཅིག་ལ་བདེ་བར་གཤེགས་སོ། །འདི་མི་ཐུབ་ཟླ་བའི་སྤྲུལ་པར་གྲགས་སོ། །དེའི་གཅུང་རྗེ་བཙུན་གྲགས་པ་རྒྱལ་མཚན་ཡབ་དགུང་ལོ་ང་དྲུག་བཞེས་པ་མེས་མོ་ཡོས་ལ་འཁྲུངས། སྐུ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྣམས་ཆོས་རྗེ་པས་མཛད་པའི་རྣམ་ཐར་ནས་སྟོན་ལ། ཕྱག་རྗེས་དབུ་རྩེ་རྙིང་མ་བཞེངས། གདན་ས་ནི་ལོ་ཉེར་དྲུག་པ་ནས་བདུན་ཅུའི་བར་ལོ་ཞེ་ལྔ་མཛད་ནས། བདུན་ཅུ་པ་མེ་ཕོ་བྱི་བའི་ཁྲ་ཟླ་བའི་ཚེས་བཅུ་གཉིས་ལ་བདེ་བ་ཅན་དུ་གཤེགས་སོ། །དེའི་གཅུང་དཔལ་ཆེན་འོད་པོ་ནི་ཡབ་དགུང་ལོ་ང་དགུ་པ་ལྕགས་ཕོ་རྟ་ལོའི་སྨིན་དྲུག་ཟླ་བའི་ཉེར་ལྔ་ལ་འཁྲུངས་ཏེ། དགུང་ལོ་ང་བཞི་པ་ཆུ་མོ་ཕག་གི་ལོ་ཟླ་བ་ལྔ་པའི་ཚེས་ཉེར་གཅིག་ལ་བདེ་བར་གཤེགས་སོ། །བླ་མ་དཔལ་ཆེན་འོད་པོ་དེ་ཉིད་ལ་སྲས་གཉིས་མ་གཅིག་གར་ཕུ་མ་ཉི་