[A:147]དགུང་ལོ་སོ་དྲུག་པ་ནས་བདུན་ཅུའི་བར་ལ་གདན་ས་ལོ་སོ་ལྔ་མཛད་ནས། དགུང་ལོ་བདུན་ཅུ་པ་ལྕགས་མོ་ཕག་གི་ལོ་སྨལ་པོ་ཟླ་བའི་ཚེས་བཅུའི་དུས། ལྷ་དང་རིག་པ་འཛིན་པ་དཔའ་བོ་མཁའ་འགྲོའི་བསུ་བ་དང་། ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་དང་བཅས་ཏེ་བྱང་ངོས་སྤྲུལ་པ་སྡེའི་ལྷ་ཁང་དུ་བདེ་བར་གཤེགས་སོ། །བླ་མ་དེའི་གཅུང་བསོད་ནམས་རྒྱལ་མཚན་ཡབ་དགུང་ལོ་སོ་ལྔ་བཞེས་པའི་དུས་ཤིང་ཕོ་འབྲུག་ལ་སྐུ་བལྟམས་ནས། ནག་པོ་ཆེན་པོ་ལྕམ་དྲལ་བྲན་དུ་འཁོལ་ཞིང་མཐུ་རྩལ་ཡང་ཆེ་བར་གྲགས་ཏེ། དེའི་དུས་ན་ལ་སྟོད་ནས་ཉང་ཚ་ཤྲི་གཤེད་ཅེས་བྱ་བའི་གྱད་རྩལ་ཆེ་བར་གྲགས་པ་དེས་རྩལ་འདོར་ཡོང་པས་མ་ཐུབ་པར། ངོ་མཚར་བའི་གཏམ་རྒྱུད་མང་དུ་གྲགས་ཤིང་། ལས་ཐབས་སུ་དགོན་པའི་ལྕགས་རི་ཡང་འདིས་མཛད། མོན་གྲོག་ལ་འོབས་གཡོན་བྱེད། འབལ་གྲོག་ལ་འོབས་གཡས་བྱེད། ས་དཀར་པོ་ཁོང་དུ་བཅུག་ནས། དཔོན་པོ་རི་ལ་བྱང་བྱེད། ཁའུ་གཙང་པོ་ལ་ལྷོ་བྱེད་གསུང་བ་ལ། བགྲེས་པོ་ཀུན་ན་རེ། དེ་ཙམ་བྲང་ཁང་གིས་མི་ཁེངས་པས། འཚམ་པ་ཅིག་མཛད་པར་ཞུ་ཟེར་བ་ལ། ཁྱེད་རྣམས་དེ་ཙམ་ཞུ་བ་ནན་ཆེ་ན། རེ་ཞིག་ང་རང་གི་མདའ་རྒྱང་གྲུ་བཞི་གཅིག་བྱེད་གསུངས་ནས། ཞིང་མོ་ཆེའི་སྟེང་ནས་བྱང་དུ་མདའ་འཕངས། དེས་སླེབས་པ་མན་ཆད་ལ་མཛད་ནས། དུས་ཕྱིས་ཆུ་ལྷོ་ལ་ཡ་ང་བྱེད་གསུངས་ནས་དགུང་ལོ་ལྔ་བཅུ་ང་དྲུག་བཞེས་པའི་དུས་ས་མོ་ཕག་རྒྱལ་གྱི་ཟླ་བའི་ཚེས་ཉེར་གཉིས་ལ་སྟོད་ལྡོག་གི་ཕག་