[A:148]རི་རུ་སྐུ་གཤེགས་སོ། །བླ་མ་དེ་ལ་རིགས་ཀྱི་སྲས་ལྕམ་སྲིང་བརྒྱད་འཁྲུངས་པ་ལས། མ་གཅིག་ཀུན་སྐྱིད་ལ་གཉིས་འཁྲུངས་པའི་ཆེ་བ་དེ་བླ་མ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བགྱི་སྟེ།བླ་མ་འདི་ཡབ་དགུང་ལོ་ང་གཉིས་བཞེས་པའི་དུས་ཤིང་མོ་ལུག་གི་ལོ་ཟླ་བ་གསུམ་པའི་ཚེས་དྲུག་ལ་སྐུ་བལྟམས་ཏེ། དགུང་ལོ་གསུམ་པ་ལ་སྒྲུབ་ཐབས་མཚོ་སྐྱེས་ཐུགས་ལ་གསུངས་པས་ཀུན་གྱི་ཡ་མཚན་དུ་འཛིན་ཏེ། འདི་ནི་ངེས་པར་འཕགས་པའོ་ཞེས་ཕྱོགས་ཀུན་ཏུ་གྲགས་པས། དེ་ཚུར་བཅད་འཕགས་པའོ་ཞེས་མཚན་དུ་གྲགས་སོ་ཞེས་རྣམ་ཐར་ལས་བཤད་ཀྱང་། འགའ་ཞིག་ན་རེ། འདིའི་དུས་སུ་ཆོས་རྗེ་ས་སྐྱ་པ་ཇོ་བོ་ཤཱཀྱ་མགོན་གྱིས་གདན་དྲངས་ནས་ཡར་ལུང་དུ་བྱོན།སྨོན་འགྲོ་ན་ཆོས་གསུང་གི་ཡོད་པའི་སྐབས་སུ། མ་གཅིག་ཀུན་སྐྱིད་ལ་སྲས་འཁྲུངས་ཞེས་པའི་གཏམ་སྙན་སྐྱེལ་མ་སླེབས་པས། ཆོས་རྗེ་པའི་གསུང་གིས་དེ་ཤིན་ཏུ་ལེགས། དེ་གཞན་ལས་ཁྱད་པར་དུ་འཕགས་པ་གཅིག་ཡོད་པར་འདུག་པས་མིང་འཕགས་པ་ལུག་སྐྱེས་བྱ་བར་ཐོགས་ཤོག བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་གཏོར་མ་གཅིག་འཛུགས་དགོས་པ་དེ། ཀླུ་མེས་ཀྱི་གནས་ཡིན་པས་ཐང་པོ་ཆེར་བྱེད་གསུངས་ནས། ཐང་པོ་ཆེའི་དབུ་རྩེ་རྙིང་མར་གཏོར་མ་གཙུགས་པ་དེ་དུས་ཕྱིས་བར་དུ་ཡོད་དོ། །དེ་ནས་བླ་མ་འཕགས་པ་དགུང་ལོ་བཅུ་ལོན་པ་ཤིང་ཕོ་འབྲུག་གི་ལོ་ལ་ཆོས་རྗེ་པའི་ཕྱག་ཕྱིར་བྱང་ངོས་སུ་བྱོན་པའི་ལམ་དུ་ཟུལ་ཕུར་ནམ་ཟ་འཕྲོད་གསོལ་ལ་སློབ་དཔོན་ཞུས། དགེ་ཚུལ་