R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 149
[A:149]མཛད། ཆོས་རྗེ་པ་གཤེགས་རྟིང་། འཕགས་པ་དགུང་ལོ་བཅུ་དགུ་བཞེས་པ་གླང་གི་ལོ་ལ། སེ་ཆེན་རྒྱལ་པོ་རྒྱལ་བུར་བཞུགས་པ་དང་ལུ་པ་ཤན་ཞེས་པའི་ས་ཆར་མཇལ་བས་ཤིན་ཏུ་དད་ནས། བྱང་ངོས་རྒྱལ་བུ་མོང་གུ་དུ་ལ་ས་སྐྱ་པ་འདོད་གསུངས་ནས། སེ་ཆེན་གྱི་བླ་མཆོད་མཛད། དེ་ནས་དགུང་ལོ་ཉི་ཤུ་རྩ་གཅིག་བཞེས་པ་ཤིང་མོ་ཡོས་ལོ་ལ་ཧོར་དང་རྒྱའི་སོ་མཚམས་ཐེ་ལེ་བྱ་བར་བསྙེན་རྫོགས་མཛད།
མཁན་པོ་གྲགས་པ་སེང་གེ། སློབ་དཔོན་ཇོ་དན། བྱང་ཐང་བ་བསོད་རྒྱལ། གསང་སྟོན་ཡར་ལུང་པ་ལས
དགུང་ལོ་ཉི་ཤུ་རྩ་དྲུག་ལོན་པ་ལྕགས་ཕོ་སྤྲེའུའི་ལོ་ལ་སེ་ཆེན་རྒྱལ་སར་ཐོན་ནས་རྒྱལ་པོ་ཆེན་པོའི་བླ་མར་གྱུར་ཏོ། །དེནས་ཤིང་མོ་གླང་གི་ལོ་ལ་དགུང་ལོ་སུམ་ཅུ་རྩ་གཅིག་ལ་དབུས་གཙང་དུ་བྱོན་ཟེར་བ་དམ་པ་ཀུན་དགའ་གྲགས་ཀྱིས་བྱས་པའི་ཡི་གེ་ན་ཡོད། ཇོག་པོ་འཆད་ཁ་བའི་ཞུས་ལན་ན་ཆོས་རྒྱལ་དགུང་ལོ་སོ་གསུམ་པ་མེ་མོ་ཡོས་བུའི་ལོ་སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔའི་དགོང་མོ་འདམ་དུ་ཕྱགས་ཕེབས་བྱ་བ་འདུག གང་ལྟར་ཡང་སྔར་ཆོས་ཀྱི་བཀའ་ལུང་མ་གསན་པ་དང་། དཔོན་ཆེན་ཤཱཀྱ་བཟང་པོས་གདན་དྲངས་ནས་བྱོན་པ་ཡིན། གེ་རེ་ལྷ་ཁང་དུ་ཕྱགས་ཕེབས་པའི་དུས་སུ། བླ་མའི་གསུང་གིས་མི་ལ་ཉེ་གནས་གོ་ཆོད་བྱུང་འདུག་སྟེ་གསུང་བ་དཔོན་ཆེན་པས་རྒྱབ་ནས་ཐོས་ཏེ། སེམས་ཐོག་ཏུ་ཤིན་ཏུ་ལྕི་བར་བྱུང་བས་དེ་མ་ཐག་གེ་རེ་ལྷ་ཁང་གི་ཕྱི་སྐོར་གྱི་ཐིག་ཆོད་བླངས་ནས་ལྷ་ཁང་ཆེན་མོའི་མཐོང་ཁ་དང་མཉམ་པར་བྱས་ནས་