R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 153
[A:153]བཞུགས་པའི་ནང་རྟེན་ཤེལ་གྱི་མཆོད་རྟེན་ཆེན་པོ་མཛད། དེ་བཞུགས་པའི་གཙུག་ལག་ཁང་མེ་ཏོག་ར་བའི་སྡེ་ཆེན་པོ་བཞེངས། དེར་ལོ་ལྔ་ཙམ་བཞུགས་ནས། སླར་བོད་དུ་བྱོན་པའི་ཐད་དུ་མདོ་ཁམས་སུ་ཕེབས། བླ་མ་འདི་ཉིད་ཀྱིས་དགུང་ལོ་བཅུ་བཞི་ནས་ཉི་ཤུའི་བར་གདན་ས་ལོ་བདུན་མཛད་དེ་དགུང་ལོ་ཉི་ཤུ་པ་མེ་མོ་ཕག་གི་ལོ་སྨལ་པོ་ཟླ་བའི་ཚེས་བཅོ་བརྒྱད་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་མདོ་ཁམས་ཏྲེ་མཎྜལ་དུ་བདེ་བར་གཤེགས་སོ། །བླ་མ་འདིའི་སྲས་ངྷརྨ་བྷ་ཏྲ་ཞེས་བྱ་བ་ཇོ་མོ་སྟག་འབུམ་ལ་འཁྲུངས་ཏེ་གཞོན་ནུ་ལ་གྲོངས་སྐད་དོ། །བླ་མ་ཡེ་ཤེས་འབྱུང་གནས་ལ་སྲས་གཅིག་འཁྲུངས་ཏེ། བདག་ཉིད་ཆེན་པོ་བཟང་པོ་དཔལ་ཞེས་བགྱི། དེ་ཉིད་ཡབ་བླ་མ་ཡེ་ཤེས་འབྱུང་གནས་དགུང་ལོ་ཉེར་ལྔ་བཞེས་པའི་དུས་སུ་ཆུ་ཕོ་ཁྱི་ལོ་ལ་མ་གཅིག་ཁས་སྨད་པའི་ཇོ་མོ་གཅིག་ལ་འཁྲུངས་པ་ཡིན་ཏེ་སྐྱེས་སྟོབས་ཀྱི་ཐུགས་རབ་ཕུན་སུམ་ཚོགས་པ་མངའ་ཡང་། སྨོན་ལམ་གྱི་དབང་གིས་གཞོན་ནུ
དགུང་ལོ་བཅོ་བརྒྱད་བ་ལ
ནས་གོང་དུ་བྱོན་ཏེ།སློབ་གཉེར་ལ་སོགས་པ་ཆེར་མཛད་རྒྱུ་མ་བྱུང་ལ།
གོང་མའི་ལུང་གིས་བླ་མ་འཕགས་པ་ལ་དབོན་པོ་གཞན་མི་འདུག་པས། གདུང་རྒྱུད་སྤེལ་དུ་ཆུག་གསུངས། མ་གཅིག་ཁབ་ཏུ་བཞེས་ཏེ་ལྷ་ཁང་བླ་བྲང་དུ་བཞུགས
སླར་དབུས་གཙང་དུ་བྱོན་ནས་ཡབ་མེས་ཀྱི་ཆོས་ལུགས་དྲི་མ་མེད་པ་རྣམས་གསན་སྦྱོང་མཛད་དེ།
བསྙེན་པར་རྫོགས་པའི་མཚན་དོན་ཡོད་རྒྱལ་མཚན་དཔལ་བཟང་པོ་ཞེས་བགྱི་ལ