R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 163
[A:163]ཡོས་ཀྱི་ལོ་མར་བཅད་ལ་མི་ལོ་སུམ་བརྒྱ་དང་གསུམ་སོང་བར་རིག་པར་བྱའོ། །ཆོས་རྗེ་པས་གདན་ས་ལོ་སུམ་ཅུ་རྩ་ལྔ་ཞེས་སོགས་བཤད་པ་ནི་གདུང་རྒྱུད་ཀྱི་རྣམ་ཐར་གྱི་སྐབས་སུ་གདུང་རྒྱུད་རྐྱང་པ་བགྲངས་པའི་རྣམ་བཞག་ཡིན་ལ། འདིར་དཔལ་ལྡན་ས་སྐྱའི་གདན་ས་མཛད་ཚུལ་གྱི་སྐབས་སུ། དཀར་ཤཱཀྱ་གྲགས་ལ་སོགས་པ་བཙུད་པ་ཡིན་པས་འགལ་བར་མི་བསམ་མོ། །ཆོས་རྗེ་ཁུ་དབོན་གྱི་སློབ་མ་ཤར་ནུབ་གུང་གསུམ་དུ་གྲགས་པ་ལ། བླ་བྲང་པའི་གདུང་རབས་ནི། གདུང་རུས་ཞང་ཞུང་གསང་སྔགས་རྙིང་མ་བ་ཇོ་འབུམ་ཞེས་པའི་སྲས་སྐུ་མཆེད་གསུམ་ལས། གཅེན་པོ་བླ་མ་ཤར་པ་ཤེར་འབྱུང་
ས་ཕོ་རྟ་ལོ་ལ
ཆོས་རྗེ་པ་ལ་རབ་ཏུ་བྱུང་། དཔོན་ཆེན་ཤཱཀྱ་བཟང་པོ་ལ་ཉོས་ནས་བླ་བྲང་ཤར་བཟུང་། དགུང་ལོ་དྲུག་ཅུ་རྩ་བཞི་ལ་གཤེགས། གཉིས་པ་སློབ་དཔོན་ཆེན་པོ་འོད་ཟེར་འཕན་རྟེན་དགེ་བསྙེན་ཡིན། ཁོང་སྐུ་མཆེད་ཀྱི་ལྕམ་མོའི་སྲས་བླ་མ་ཡེ་པ་ཆེན་པོ་ཆོས་རྗེ་པ་དང་བླ་མ་ཤར་པ་ཤེར་འབྱུང་གི་སློབ་མ་ཡིན་ནོ། །གོང་དུ་སེ་ཆེན་དང་མམ་གྷ་ལའི་བླ་མཆོད་མཛད། བླ་མ་ཆེན་པོ་རྡོ་རྗེ་འོད་ཟེར་གཤེགས་རྟིང་ཤར་གྱི་གདན་ས་ལོ་བཅུ་དགུ་མཛད། དགུང་ལོ་དྲུག་ཅུ་རྩ་དྲུག་ལ་གཤེགས།ཤར་པ་ཆེན་པོ་རབ་ཏུ་མ་བྱུང་གོང་གི་སྲས་ཕྱུག་མོ་རྗེ་བཙུན་སྐྱབས་ལ་འཁྲུངས་པའི་སྲས་གསུམ་ཀ་འགྲོ་མགོན་འཕགས་པའི་སློབ་མ་ཡིན།གཅེན་པོ་དུས་འཁོར་བ་བླ་མ་ཡེ་ཤེས་རིན་ཆེན་བླ་མ་འཕགས་པ་ཤིང་ཀུན་ན་བཞུགས་པ་གདན་འདྲེན་པ་ལ་ས་སྐྱ་པ་སྤྱིས་བརྫངས། ཕྱིས་