[A:162]མེ་ཕོ་བྱི་བའི་ལོ་བར་ལོ་བཞི་བཅུ་རྩ་ལྔ་གདན་ས་མཛད། དེ་རྗེས་ཆོས་རྗེ་པས་མེ་མོ་གླང་ནས་ཤི་ཕོ་འབྲུག་གི་བར་ལོ་ཉི་ཤུ་རྩ་བརྒྱད་ས་སྐྱའི་གདན་སར་བཞུགས་ནས་ཧོར་ཡུལ་དུ་གདན་བཏེག་སྟེ་བྱོན།ཤིང་མོ་སྦྲུལ་ནས་ལོ་བཅུ་གསུམ་གྱི་བར་དུ་དཀར་ཤཱཀྱ་གྲགས་ཀྱིས་བླ་ཆོས་བཤད་པ་ཡིན་ཟེར། དེ་རྗེས་བླ་མ་འཕགས་པས་ས་ཕོ་རྟ་ནས་ལྕགས་ཕོ་འབྲུག་གི་ལོའི་བར་ལོ་ཉི་ཤུ་རྩ་གསུམ་གྱི་རིང་ལ་ཏི་ཤྲི་དང་ས་སྐྱའི་བླ་ཆོས་སྦྲགས་པ་ཡིན། དེ་རྗེས་བདག་ཉིད་ཆེན་པོ་ངྷརྨ་པཱ་ལས་ལྕགས་མོ་སྦྲུལ་ནས་མེ་མོ་ཕག་གི་བར་ལོ་བདུན་གདན་ས་མཛད། དེ་རྗེས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་ས་ཕོ་བྱི་བའི་ལོ་ནས་ཤིང་མོ་སྦྲུལ་གྱི་བར་ལོ་བཅོ་བརྒྱད་གདན་ས་མཛད། དེ་རྗེས་བླ་མ་བདག་ཉིད་ཆེན་པོས་མེ་ཕོ་རྟའི་ལོ་ནས་ཤིང་ཕོ་བྱི་བའི་བར་ལོ་བཅུ་དགུ་གདན་ས་མཛད། དེ་རྗེས་བླ་མ་མཁས་བཙུན་ཆེན་པོས་ཤིང་མོ་གླང་གི་ལོ་ནས་ཆུ་མོ་ལུག་གི་བར་ལོ་བཅུ་དགུ་གདན་ས་མཛད། དེ་རྗེས་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དཔལ་བཟང་པོ་ཏི་ཤྲི། དེ་རྗེས་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། དེ་རྗེས་ཏ་དབེན་བློ་གྲོས་རྒྱལ་མཚན། དེ་རྗེས་དྲུང་ཀུན་རིན་པ་ད་ལྟ་བཞུགས་པའོ། །དྲུང་མཁས་བཙུན་པ་ཞི་བར་གཤེགས་པའི་ཕྱི་ལོ་ཤིང་ཕོ་སྤྲེའུའི་ལོ་ནས་དུ་གཅིག་གི་ཤིང་མོ་ཡོས་ལོ་དེ་ཡར་བཅད་ལ་ལོ་སུམ་ཅུ་རྩ་གཉིས་ཐལ་ཏེ། དེ་ལྟར་ན་དཔལ་ལྡན་ས་སྐྱའི་དགོན་པ་བཏབ་ནས་ཆོས་རྗེ་རིན་ཆེན་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་གཞན་དོན་ལ་གཤེགས་པ་ཤིང་མོ་