R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 168
[A:168]དཔལ། དེ་ནས་དཔོན་ཆེན་འོད་ཟེར་སེང་གེ སྭོན་ཇིང་དབེན་གྱི་དམ་ཁ་བཟུང་། དེ་ནས་དཔོན་ཆེན་ཀུན་རིན། དེ་ནས་དཔོན་ཆེན་དོན་ཡོད་དཔལ། དེ་ནས་དཔོན་ཆེན་ཡོན་བཙུན། ཡང་དཔོན་ཆེན་འོད་ཟེར་སེང་གེ དེ་ནས་དཔོན་ཆེན་རྒྱལ་བ་བཟང་པོ། དེ་ནས་དཔོན་ཆེན་དབང་ཕྱུག་དཔལ། དེ་ནས་དཔོན་ཆེན་བསོད་ནམས་དཔལ། ཡང་དཔོན་ཆེན་རྒྱལ་བ་བཟང་པོས་བསྐྱར་ནས་གོ་ས་མཛད། དེ་ནས་དཔོན་ཆེན་དབང་བརྩོན། ཕག་ལོ་ལ་དབུས་གཙང་དུ་ཕེབས་ནས་འཇའ་ས་བསྒྲགས། འདི་མར་བཅད་ལའང་དཔོན་ཆེན་གྱི་མིང་བྱིན་པ་ཁ་ཡར་བྱུང་ངོ་། །འདི་རྣམས་ཀྱི་སྐབས་སུ་ཡི་གེ་མང་བ་ལ་འཇིགས་པར་མི་ལྟ་ཞིང་། བློ་དང་ལྡན་པ་རྣམས་ཀྱིས་སེ་ཆེན་རྒྱལ་པོ་དང་་བླ་མ་འཕགས་པ་ཡོན་མཆོད་དུ་འབྲེལ་ནས་བསྟན་པའི་ཞབས་ཏོག་སྒྲུབ་པ་ལ། སྭོན་ཇིང་དབེན་གྱི་ཁྲིམས་ར་དང་།བོད་བདེ་བའི་དོན་དུ་སྭོན་ཝི་སི་ཁ་གསུམ་གྱི་ཁྲིམས་བསླང་ཚུལ། ཟམ་གྷ་ཆིང་སང་དང་། ཨུ་ལུག་ནོ་ཡོན། མི་ཆེན་རྡོ་ཤིལ་སོགས་པས་ཁྲིམས་ཀྱི་བྱ་བ་བྱས་པ་དང་། རིན་པོ་ཆེ་སྟོན་ཚུལ་གྱི་མཛད་པ་སོགས་ལུགས་བཟང་པོ་ལ་ཕན་པའི་གཏམ་རྒྱུད་རྣམས་བསྣན་དུ་རུང་ངོ་། །མཐུ་སྟོབས་ཐུགས་རྗེ་ཕུལ་བྱུང་བས། །འགྲོ་བ་འདི་ཕྱིར་སྐྱོབ་པའི་སླད། །ཁྲིམས་གཉིས་འཕྲིན་ལས་འགྱེད་པའི་ཁྱོན། །ཤོང་བ་འཛམ་གླིང་ཡངས་པ་མཚར། །