R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 169
[A:169]དགུ་པ། ཁ་ཆེ་པཎ་ཆེན་བོད་དུ་བྱོན་ཚུལ་སྐོར། ཁ་ཆེ་པཎ་ཆེན་ནི། ཁ་ཆེ་གྲིབ་རྟན་དུ་ཡབ་ཚོང་དཔོན་སྲིད་བརྟན་ཞེས་བྱ་བ་དང་། ཡུམ་དགེ་ལེགས་མ་ཞེས་བྱ་བའི་སྲས་སུ་ལྕགས་ཕོ་སྤྲེའུའི་ལོ་ལ་སྐུ་འཁྲུངས་པ། པཎ་ཆེན་ཤཱཀྱ་ཤྲིའི་སྐུ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྣམས་རྣམ་ཐར་ལས་སྟོན་ལ། ཁྱད་པར་བོད་དུ་བྱོན་ཚུལ། དེ་བཞིན་གཤེགས་པ་གཙུག་ཏོར་ཅན་དང་།གསེར་མདོག་ཅན་དང་། གནམ་ཐོས་སྲས་གསུམ་གྱིས་ལུང་བསྟན་ནས་ཁ་བ་ཅན་གྱི་ལྗོང་ས་སུ་བྱོན་པ་ཡིན། ཁྲོ་ཕུ་ལོ་ཙྪ་བ་བྱམས་པ་དཔལ་གྱིས་རྒྱ་གར་ཤར་ཕྱོགས་ནས་གདན་དྲངས་ནས་གྲོ་མོའི་ལ་ལ་བྱོན།ཤིང་ཕོ་བྱི་བའི་ལོ་ལ་པཎ་ཆེན་དགུང་ལོ་དྲུག་ཅུ་རྩ་ལྔ་བཞེས་པ་ལ་ཁྲོ་ཕུར་ཕྱགས་ཕེབས་ཏེ་དབྱར་གནས་མཛད་པའི་ཚེ། ཞིང་གཉན་ཆུང་བའི་སྟེང་དུ་གཙུག་ལག་ཁང་དགའ་ལྡན་གྱི་འགྲམ་བཏིང་། ས་འདུལ་བ་དང་། བར་ཆད་བསྲུང་བ་དང་། བྱིན་འབེབས་པ་ཐམས་ཅད་བླ་མ་པཎ་ཆེན་པ་ཉིད་ཀྱིས་མཛད། དེ་ནས་བཟུང་ནས་གཙང་དུ་ལོ་གཅིག དབུས་སུ་ལོ་གཅིག མངའ་རིས་སུ་ལོ་གཉིས་ཏེ། སྤྱིར་བོད་དུ་ལོ་བཅུ་ཐམ་པ་བཞུགས་ནས་བསྟན་པ་དར་བར་མཛད། ཆུ་ཕོ་སྤྲེའུའི་ལོ་ལ་དཔལ་ཁྲོ་ཕུའི་བྱམས་ཆེན་ཁྲུ་བརྒྱ་པ་ཕོ་བྲང་དང་ཚར་ནས། བྲེའི་ཟླ་བའི་ཚེས་གསུམ་ནས་བཅུའི་བར་དུ་རབ་གནས་མཛད།