R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 178
[A:178]བརྒྱུད་པའོ། །ཀྱི་ཕོ་ཚུལ་ཁྲིམས་འཕགས་ཀྱི་སློབ་མ་འདར་འདུལ་བ་འཛིན་པ། དེའི་སློབ་མ་སྟོང་འདུལ་བ་འཛིན་པ་ལ་སོགས་པ་ནི་ནེ་པ་རྗེས་འབྲེང་དང་བཅས་པ་རྣམས་སོ། །ཤ་མིའི་བུ་བཞིར་གྲགས་པ་ནི།རྒྱ་དུར་གྱི་གླུབས་དཀར་འདུལ་འཛིན། ཡང་དབེན་གྱི་ཇོ་དན་པད་ཚུལ། བལ་ཏི་ཇོ་སྲས། ཐག་མ་རྡོར་གཞོན་རྣམས་ཡིན་ནོ། །ཐག་མའི་སློབ་མ་རྣལ་འབྱོར་བྱང་སེང་ནས་བརྒྱུད་པ་ཇོག་པོ་དགོན་གསར་བ། སངས་རྒྱས་ཇོ་སྲས་བྲག་རྩ་བ་སྟོན་ནམ་ལྷ་དགེ་འདུན་སྒང་པ་ལ་སོགས་པ་རྣམས་ལགས་སོ། །གླུབས་དཀར་ནི་རྒྱ་དུར་བ་ཡིན་ལ། ཤ་མི་འཆད་དཀར་དུ་བྱུང་། ཚ་རོང་པ། ཚ་རོང་དང་སྤུ་གུ་རྡོར་བྱུང་སྟེ། ལྷག་རུ་ལ་སོགས་ཡར་ལུང་གི་འདུལ་འཛིན་རྣམས་དང་། རྩེབ་དཀར་བ། ཟངས་ཆེན་པ། མཚོ་སྣ་བ་ལ་སོགས་པ་ནི་ཚ་རོང་བ་ནས་བརྒྱུད་པའོ། །ཡང་ཐག་མ་རྡོར་གཞོན། ཐག་མ་ཀ་བ་ཆེན་པོ་དར་མ་སེང་གེའི་ཡང་སློབ་མ་ཡིན་ནོ་ཞེས་བོད་ཀྱི་ཡི་གེ་རྙིང་པ་དང་།མཁས་པ་རྣམས་ཀྱི་གསུང་ལས་བྱུང་ངོ་། །