[A:179]མཇུག་བྱང་། དེ་ལྟར་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་གར་དུ་བྱོན་ནས། དེའི་བསྟན་པ་རྒྱ་ནག་དང་བོད་ལ་སོགས་པར་རིམ་གྱིས་དར་བ་ཡིན་ལ། རྒྱ་གར་དུ་མང་པོས་བཀུར་བ་ནས་བཟུང་སྟེ། ཆོས་རྒྱལ་གྱི་གདུང་རབས། དེ་ལས་ཡང་དག་པར་སངས་རྒྱས་བྱོན་ཚུལ། ཁྱད་པར་བོད་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་དང་།གདུང་རབས། བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་ཇི་ལྟར་བྱོན་ཚུལ་དཀར་ཆག་ཏུ་བཏབ་པ་འདི་ནི། ཡི་གེ་ཁ་འཐོར་བ་རྣམས་ལས་ཅུང་ཟད་བསྡུས། རང་གི་རྗེད་བྱང་དུ་དུམ་བུ་ཁྲིགས་སུ་ཡོད་པ་ལས། མིའི་དབང་པོ་རྒྱལ་པོ་ཆེན་པོའི་གཙུག་གི་ནོར་བུ།བསྟན་པའི་བདག་པོ་གུ་ཤྲི་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་དགེ་བཤེས། སློབ་དཔོན་ཨ་ཡས་རང་གི་བདག་ཏུ་འཛིན་པའི་ཕྱིར་མ་ཡིན་པར། སེམས་ཅན་རྣམས་ལ་ཕན་པ་ཁོ་ན་སྒྲུབ་པའི་ཕྱིར། སྤྱིའི་མཆོད་གནས་ལྷ་སའི་གཙུག་ལག་ཁང་ཆེན་མོར་ཞིག་གསོས་མང་དུ་མཛད་པ་ལས། བྱེ་བྲག་སྤྱན་རས་གཟིགས་གྱི་ཕོ་བྲང་པོ་ཏ་རིར་ཆོས་ཀྱི་སྐུའི་རྟེན་བྱང་ཆུབ་ཆེན་མོ་དང་བཅས་པ་བཞེངས་སུ་གསོལ་བའི་ཁྱམས་སུ། སྤྱིར་བདེ་བར་གཤེགས་པའི་བསྟན་པའི་རྣམ་གཞག་ལས།