R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 180
[A:180]ཁྱད་པར་དུ་ཆོས་རྒྱལ་མང་པོས་བཀུར་བའི་གདུང་རབས་ཇི་ལྟར་བྱུང་ཚུལ། ཧོར་དང་བོད་ཀྱི་རྒྱལ་པོས་བསྟན་པའི་ཞབས་ཏོག་མཛད་པའི་རྣམ་གཞག་གངས་ཅན་གྱི་ལྗོངས་སུ་བསྟན་པའི་གསལ་བྱེད་རྣམས་ཀྱིས་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་རྣམས་མི་ནུབ་ཅིང་། ཕྱི་རབས་རྣམས་ལ་ཕན་པའི་དོན་དུ་རི་མོར་འབྲི་བས། ཡི་གེ་ཁུངས་མ་རྣམས་བསྡུས་ལ་ཕྱོགས་གཅིག་ཏུ་སྡེབས་ཤིག་ཅེས་དོ་གལ་ཆེན་པོས་དགེ་རེ་བྱོན་ནས་སྐུལ་བ་ལ་བརྟེན་ན། ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབོན་སྲས་རྣམས་ཀྱི་ནང་ནས་ཐ་ཤལ་དུ་གྱུར་པ་ཤཱཀྱའི་མིང་ཅན་གྱིས་ཡི་གེར་བཀོད་པའོ། །སྐབས་འདིར་བསྟན་པའི་སྙིང་པོ་སྒྲུབ་པ་གཙོ་ཆེར་མཛད་ནས་བསྟན་པ་གསལ་བར་མཛད་པ། དྭགས་པོ་བཀའ་བརྒྱུད་ཀྱི་རྣམ་ཐར་འབྲི་བ་ལ་སྤྲོ་མོད་ཀྱི། ཡི་གེ་ཡིད་ཆེས་མ་རྙེད་པས། ལོགས་གཞན་ཤིག་ཏུ་ཤེས་པར་བྱའོ། །དཀར་ཆག་ཤིན་ཏུ་བསྡུས་པ་ལ་དགའ་ན། འདིའི་དམར་ཆ་རྣམས་ཟུར་དུ་བཀོལ་བས་ཀྱང་འབྲེལ་ཆགས་ཤིང་། རྒྱལ་རབས་རྐྱང་པ་དང་། རང་རང་གི་གདན་སའི་བླ་རབས་སུ་འགྱུར་ལ། ཡང་བོད་ཀྱི་རྒྱལ་རབས་ལ་སོགས་པ་རང་གང་མོས་པའི་སྐབས་རེ་ཟུང་དུ་བྲིས་ནའང་དེའི་ལོ་རྒྱུས་སུ་འགྱུར་རོ།། འཇིག་རྟེན་ཁམས་འདིར་དགེ་ལེགས་འབྱུང་བའི་གཞི། ། མང་པོས་བཀུར་དང་འཁོར་ལོས་སྒྱུར་རྒྱལ་རིགས། ། ཐུགས་རྗེ་ཕུལ་བྱུང་ཐུབ་པའི་དབང་པོ་ནི། །