R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 23
[A:23]ཧྲང་གི་རྒྱལ་པོ་གཉིས་བྱུང་། དེ་ནས་ཧན་གྱི་རྒྱལ་ཁམས་ཧན་ཀོའང་ཇུ་ཞེས་པ་ནས་བཟུང་སྟེ་མི་རབས་བཅུ་གཉིས་ཀྱི་བར་དུ་རྒྱལ་པོ་བྱུང་།བཅུ་གཉིས་པའི་དུས་དེར་ཨང་མང་ཞེས་པའི་བློན་པོ་གཅིག་གིས་ངོ་ལོག་བྱས་ནས་རྒྱལ་ས་ལོ་བཅོ་བརྒྱད་བཟུང་། ཕྱིས་ཧན་གྱི་རྒྱུད་པ་གླེའུ་གོང་བུ་ཟེར་བ་བྱུང་། ཨང་མང་བསད་ནས་ཧན་གྱིས་རྒྱལ་སྲིད་བཟུང་། གླེའུ་གོང་བུ་ལ་བུ་ལྔ་སྐྱེས། བུ་ལྔ་པ་ཧན་མིན་ཏི་ཟེར་བའི་རྒྱལ་པོ་བྱུང་། དེའི་དུས་སུ་པཎྜི་ཏ་ཛུ་ཧ་ལམ་ཟེར་བ་བདེན་པ་མཐོང་བ་གཉིས་ཀྱིས་རྟ་དཀར་པོ་གཅིག་ལ་ཐེག་པ་སྣ་ཚོགས་ཀྱི་ཆོས་་བཀལ་ནས་རྒྱ་ནག་གི་ཡུལ་དུ་ཡོང་། ཧོན་ནམ་ཧུར་པའི་མ་སའི་ལྟ་ཁང་བཞེངས། ཆོས་བསྒྱུར། དེ་ནས་བརྩམས་ཏེ་ད་ལྟའི་བར་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་ཡིན། པཎྜི་ཏ་དེ་གཉིས་ཀྱིས་དགྲ་བཅོམ་པ་ཐོབ་པ་ནས། གཅིག་མ་སའི་ལྷ་ཁང་གི་འོག་ཏུའགོག་པ་ལ་ཞུགས་ནས་བྱམས་པ་བྱོན་པའི་དུས་སུ་ཏིང་ངེ་འཛིན་ལས་ལངས་ནས་མྱ་ངན་ལས་འདའ། གཅིག་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་ནས་རྒྱ་མཚོའི་གླིང་ཀའུ་གླིང་དཀར་པོ་ཞེས་བྱ་བའི་རྒྱལ་ཁམས་་སུ་སོང་ནས་མྱ་ངན་ལས་འདས། དེ་ནས་ཧན་གྱི་རྒྱལ་རབས་ཉི་ཤུ་རྩ་བཞི་པ་ཧན་ཧོ་ཏི་རྒྱལ་པོའི་དུས་སུ་ཁོང་གི་བློན་པོ་ཚའོ་ཚའོ་ཟེར་བ་གཅིག་གིས་གདན་ས་དེ་ཕྲོགས། ཚའོ་ཚའོའི་རྒྱུད་མི་ལྔས་གནས་ས་བྱས། དེའི་བློན་པོ་འུ་མ་ཟེར་བ་གཅིག་གིས་ཡང་གནས་ས་ཕྲོགས།དེའི་རྗེས་སུ་ཧེའུ་རྩིང་གི་རྒྱུད་ལ་དུང་ཙིན་དང་བསི་ཙིན་ཚན་པ་གཉིས་