R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 32
[A:32]ལ་འོན་ཤིང་ཀོང་ཇོ་འདས། དེའི་སྐད་རྒྱལ་པོས་ཐོས་ནས་མར་ལེགས་སྐྱེལ་བ་དང་། དུར་མཆོད་པའི་ཆ་རྐྱེན་གསེར་ཡིག་པ་ལ་བསྐུར་ནས་བོད་དུ་བཏང་ངོ་། །ཀོང་ཇོ་དེ་བོད་ཡུལ་དུ་ལོ་བཞི་བཅུ་བསྡད་པ་ཡིན། སྐབས་འདིར་རྒྱ་བོད་ཀྱི་འཁྲུག་པ་དང་། མཐུན་མི་མཐུན་གྱི་གནས་སྐབས་མང་དུ་བྱས་པའི་གཏམ་རྒྱུད་འདུག དེའི་རྗེས་བོད་ཀྱི་རྒྱལ་པོ་ཁྲི་སྡེ་གཙུག་བརྟན་གྱི་དུས་སུ། ཤིང་མོ་སྦྲུལ་གྱི་ལོ་ལ་ཀའུ་ཛུང་གི་བུ་བདུན་པ་ཛུ་ཛུ་རྒྱལ་སར་བཏོན་ཏེ་མ་ནི་རྒྱལ་མོ་དེ་ཡིན་ལ། དེ་ལྟའི་ཐང་གི་རྒྱལ་རབས་ལྔ་པ་ཡིན་ནོ། །ས་ཐོ་བྱི་བའི་ལོ་ལ་བོད་ཀྱི་རྒྱལ་པོའི་གསེར་ཡིག་པ་དང་། ཕྱི་མོའི་གསེར་ཡིག་པ་ཛུང་ང་བྱ་བ་བྱུང་ནས་བུ་མོ་བླངས་ཟེར་བ་བྱུང་བ་ལ། རྒྱལ་པོས་ཁོང་རང་གི་ནུའོ་ཝིང་དབང་བྱ་བའི་བུ་མོ་ཀིང་ཤིང་ཀོང་ཇོ་བྱིན་ཞིང་། བོད་ཀྱི་རྒྱལ་པོས་ཀྱང་བློན་པོ་དྲག་པ་གཉིས་འཁོར་མང་པོ་དང་བཅས་ནས་བསུ་བར་བཏང་བ་དང་། རྒྱའི་རྒྱལ་པོས་བུ་མོའི་རྫོངས་ལ་ཟ་འོག་ལ་སོགས་པའི་དར་སྣ་ཆོགས་ཁྲི་ཚོ་མང་པོ་དང་།བཟོ་རིས་པ་སྣ་ཚོགས་པ་དང་། རོལ་མོ་བ་ཐམས་ཅད་བྱིན་ནས་དེ་སྐྱེལ་བ་ལ་ཛ་གཡུ་ཐའི་ཇང་གུང་གཡང་གྱུའི་དང་། གཞན་ཡང་དམག་མི་མང་པོ་རྒྱལ་པོའི་མདུན་དུ་འགྲོ་བའི་ལག་ཆའི་རིས་སྣ་ཚོགས་འཛིན་པ་དང་བཅས་པས་སྐྱེལ་དུ་བཏང་ཞིང་། རྒྱལ་པོ་ཁོང་རང་ཡང་ཞིང་ཕེད་ཧེན་ཐུག་པ་སྐྱེལ་ཐུང་ལ་བྱོན་ནས་དེར་གུར་ཆེན་པོ་ཕུབ་ཅིང་། བོད་ཀྱི་གསེར་ཡིག་པ་རྣམས་ལ་སྟོན་མོ་ཆེན་པོ་བྱས་ཏེ་