[A:31]སྲས་འདུས་སྲོང་མང་པོ་རྗེ་ལོ་དེ་ཉིད་ལ་རྒྱལ་སར་བཏོན་ཏེ། མགར་གྱི་བུ་ཆེ་བ་ལི་ཁྱིམ་གྱིས་བློན་པོ་ཆེ་བ་བྱས། བོད་ཀྱི་རྒྱལ་པོ་འདས་པའི་སྐད་སྐྱེལ་བ་ལ། རྒྱ་ནག་རྒྱལ་པོའི་རྩར་གསེར་ཡིག་པ་བཏང་བ་དང་།རྒྱ་ནག་རྒྱལ་པོས་ཀྱང་མར་ལེགས་སྐྱེལ་བ་ལ་གསེར་ཡིག་པ་བཏང་ནས་དུར་མཆོད་པའི་ཆ་རྐྱེན་བསྐུར་རོ། །དེའི་ཕྱི་ལོ་མགར་གྱི་བུ་གཉིས་པ་བཙན་པོ་དང་། ཐུ་ལུ་ཧུན་གྱི་བློན་པོ་བྲོས་སོ་གཉིས་དམག་ཁྲི་ཚོ་གསུམ་ཁྲིད་ཡོང་ནས་རྨ་ཆུའི་ཁྲིས་ལ་མཁར་དམིག་དང་། མི་སྡེ་རྒྱག་ཏུ་ཡོང་པ་ལ། ཀྱིང་ཧེན་གྱི་དམག་དང་འཐབ་པས་རྒྱའི་དམག་ཕམ།དེརི་ནུབ་མོ་ལི་ཀྱིང་ཧེན་གྱིས་དམག་སུམ་སྟོང་ཁྲིད་ནས་རྒྱབ་ཏུ་སོང་བ་ལ། བོད་ཀྱི་དམག་མི་ཐམས་ཅད་ཕྱིར་བྲོས་སོ། །ཡང་བོད་ཀྱིས་མགུ་དོམ་ལ་འཁོར་ནས་སི་ཆོན་གྱི་ཕྱོགས་སུ་ཡོང་སྟེ་མུ་ཅེའུ་ངན་ཡུང་ཞིང་བླངས་ནས་བཟུང་། དེར་མ་གཏོགས་པའི་ནུབ་ཕྱོགས་སུ་མན་ཞེས་བྱ་བའི་མི་རིས་ཐམས་ཅད་བདག་བྱས་ཤིང་། དེ་ལས་གཞན་པ་ཡང་ཐུང་དང་ཏང་ཧ་གཉིས་ཀྱང་བདག་བྱས་སོ། །དེའི་དུས་སུ་བོད་ཀྱི་རྒྱལ་པོའི་སའི་མཐའ་བཞི་ནི། ཤར་ཟུང་ཅེའུ་དང་། མུ་ཅེའུ། འུ་ཅེའུ་དང་གསུམ། ལྷོ་ཕྱོགས་བྲམ་ཟེའི་ཡུལ་ལ་སླེབས། ནུབ་ཕྱོགས་འུ་ཐེན་ལ་སླེབས། བྱང་ཕྱོགས་ཧོར་ལ་སླེབས། དེ་རྣམས་སྐོར་བ་ལ་དཔག་ཚད་མང་པོ་ཡོད་དོ། །བོད་ལྟ་བུའི་དཔའ་བོ་དང་རྟུལ་ཕོད་པ་རྒྱའི་རྒྱལ་པོ་ཆེན་པོ་ཧན་དང་། གཡུ་དང་། ཅེའུ་ལ་སོགས་པའི་དུས་སུ་ཡང་བྱུང་བ་མེད་ཅེས་གྲགས་སོ། །ལྕགས་ཕོ་འབྲུག་གི་ལོ་