R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 34
[A:34]གྱུན་དང་། ཅེའུ་མཁར་ཉི་ཤུ་རྩ་བཞི། སྨན་རྩེའི་ཡུལ་ཁམས་ཅིརིགས་དང་བཅས་པ་བཟུང་ནས་བོད་ཀྱིས་བདག་བྱས། སྲས་མུ་ནེ་བཙན་པོ། སད་ན་ལེགས། མངའ་བདག་རལ་པ་ཅན་གྱི་དུས་སུ་ཡང་སྐབས་འགའ་རེར་དམག་དང་། སྐབས་འགའ་རེར་རྒྱ་བོད་ཀྱི་ས་མཚམས་སུ་རྡོ་རིང་བཙུགས་ནས་མཇལ་བཟླུམས་བྱས་པ་ལ་སོགས་ཀྱི་ལོ་རྒྱུས་མང་དུ་འདུག་ནའང་རལ་པ་ཅན་གྱི་སྐབས་སུ་གསལ་ལོ།རྒྱལ་པོ་གླང་དར་མ་འདས་ནས་བོད་ནང་ཞིག ལྕགས་ཕོ་འབྲུག་གི་ལོ་ལ་ཟེན་ཛུང་གི་བུ་ཚེ་བྱ་བ་ཐང་གི་རྒྱལ་པོ་བཅུ་བདུན་པ་དེའི་རིང་ལ།མེ་ཕོ་ཁྱིའི་ལོ་ལ་རྒྱ་ནག་ལ་གཏོགས་པའི་སོག་པོའི་དམག་དཔོན་ཕོ་ཀུ་བཙུན་བོད་ཡུལ་དུ་སོང་ནས་བློན་པོ་ཕྱུ་ཞ་བསད་དེ་མགོ་བོ་རྒྱ་ནག་རྒྱལ་པོ་ལ་བསྐྱལ། དེ་ནས་བོད་དང་རྒྱ་གཉིས་འབྲེལ་ཆད་པ་ཡིན་ནོ། །རྒྱ་བོད་ཀྱི་ལོ་རྒྱུས་འདི་ཐའི་ཛུང་གི་དུས་ཀྱི་ཡིག་ཚང་པ་བ་སུ་ཁྱི་བྱ་བས་བརྩམས་པ་ཡིན་ལ། དུས་ཕྱིས་ཧན་སྭེ་ཧུ་ཚས་མདོར་བསྡུས་ཏེ་སྡེབས་ནས་རྒྱའི་ལོ་ཙཱ་བ་བའུ་གྱང་ཇུས་ཤིང་མོ་བྱའི་ལོ་ཟླ་བ་བཞི་པའི་ཚེས་བཅུ་ལ་ཤིན་ཀུན་བདེ་ཆེན་དུ་བསྒྱུར་བ་ཡིན། འདི་བླ་མ་རིན་ཆེན་གྲགས་གུ་ཤྲི་ཞུགས་དུས་བོད་སྐད་དུ་བསྒྱུར་ཞིང་པར་དུ་བཏབ་པ་ལས། གོ་བདེ་བ་གཅིག་གཉིས་ཤིག་བྱུག་པ་ཡིན་གྱིས། རྒྱ་བོད་ཀྱི་རྒྱུ་མཚན་ཞིབ་པར་ཤེས་པར་འདོད་ན་པར་མ་དེ་ཉིད་དུ་བལྟ་བར་བྱའོ། །བོད་ཀྱི་ཡིག་ཚང་རྣམས་དང་ལོའི་དབང་ཐང་མཐུན་པ་མང་དུ་འདུག་་གོ །ཐང་གི་རྒྱལ་པོའི་དུས་སུ་ཧང་མའོ་ཟེར་བའི་སིའུ་ཚའི་བུ་གཅིག་