R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 42
[A:42]བོད་ཀྱི་རྒྱལ་པོར་མཚན་གསོལ་བ་ལ་སྔ་བ་དེ་ཡིན་ནོ། །རྒྱལ་པོ་འདིའི་སྐུ་རིང་ལ། ལས་ཐབས་སུ་སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས། མཚེ་མ་གཤེན་གྱི་དམུ་རྒྱལ་གྱི་བོན་བསྒྱུར། སུམ་པའི་བོན་པོ་ཨོ་ཡོང་རྒྱལ་པོ་བཏུལ་ལོ། །དེ་དང་གནམ་མུག་མུག་གི་སྲས་མུ་ཁྲི་བཙན་པོ། དེ་དང་ས་དིང་དིང་གི་སྲས་དིང་ཁྲི་བཙན་པོ། དེ་དང་སོ་ཐམ་ཐམ་གྱི་སྲས་སོ་ཁྲི་བཙན་པོ། དེ་དང་ཐོག་མེར་མེར་གྱི་སྲས་མེར་ཁྲི་བཙན་པོ།དེ་དང་གདགས་ཀྱི་ལྷ་མོ་དཀར་མོའི་སྲས་གདགས་ཁྲི་བཙན་པོ། དེ་དང་སྲིབས་ལྷ་སྔོན་མོའི་སྲས་སྲིབས་ཁྲི་བཙན་པོ། དེ་དག་ལ་ནི་གནམ་གྱི་ཁྲི་བདུན་ཞེས་བྱ་སྟེ། སྲས་ཀྱིས་ཆིབས་ཁ་ཐུབ་ཙམ་ནས་ཡབ་ནམ་མཁའ་ལ་དམུ་ཐག་ལ་འཇུས་ཏེ་འགྲོ་ཡང་ཟེར། འཇའ་བཞིན་ཡལ་ཏེ་འགྲོ་སྐད། དེ་དག་གི་བང་སོ་ཡང་། གསང་བ་ཡང་ཆུང་ལས་བཤད་པ།
བང་སོའི་ཚིག་འོག་མ་རྣམས་ཀྱང་གསང་བ་ཡང་ཆུང་ལས་བཤད་པ་ལྟར་བྲིས
ཁྲི་བདུན་བང་སོ་གནམ་ལ་བཏབ། ལྷག་ལུས་རོ་མེད་འཇའ་ལྟར་ཡལ་ཞེས་ཟེར་རོ། །སྲིབས་ཁྲི་བཙན་པོ་དང་ས་བཙུན་རླུང་རྗེའི་སྲས་གྲི་གུམ་བཙན་པོ། དེ་དང་ཀླུ་བཙན་མེར་ལྕམ་གྱི་སྲས་སྤུ་དེ་གུང་རྒྱལ། ཡབ་སྲས་དེ་གཉིས་ལ་སྟོད་ཀྱི་སྟེང་ཟེར།དེའི་ལོ་རྒྱུས་ནི། ཡབ་གྲི།་གུམ་བཙན་པོར་བཏགས་སོ། །ཨ་ཕྱི་གདགས་ཀྱི་ལྷ་མོ་དཀར་མོ་ལ་མཚན་ཅིར་གསོལ་དྲིས་པས། ཨ་ཕྱི་ན་རེ། སྤང་དང་མ་དིང་མེས་མ་འཚིགས་སམ། བླ་མཚོ་སྔོན་མ་སྐམས་སམ། བླ་བྲག་དཀར་མོ་མ་ཉིལ་ལམ་ཟེར་བ་ལ། མ་འཚིགས།