[A:43]མ་སྐམས། མ་ཉིལ་བྱས་པས། རྒན་མོ་ལོ་བརྒྱད་ཅུ་རྩ་གཉིས་ལོན་པས་རྣ་བ་འོན། མིག་ལོང་། ཐོས་པ་བྱེད་མཁན་གྱི་ཁོལ་མོ་མ་སླེབས་ཏེ། ལོག་པར་གོ་ནས་རྒྱལ་པོའི་མིང་གྲི་གུམ་བཙན་པོར་བཏགས་སོ། །དེ་དང་ཀླུ་སྲིང་ལྕམ་ལ་སྲས་ཤ་ཁྲི། བྱ་ཁྲི། ཉ་ཁྲི།གསུམ་འཁྲུངས་སོ། །དུས་དེར་ཞང་ཞུང་གི་རྒྱལ་པོ་འབངས་རྦད་ཀྱང་ཟེར། རྒྱལ་པོ་གྲི་གུམ་བཙན་པོའི་ལོ་ངམ་བྱི་ཁྲོམ་བྱ་བ་གཅིག་ལ། ཁྱོད་ཀྱིས་ངའི་འཐབ་ཟླ་བྱེད་དགོས་ཟེར་བ་ལ།ལོ་ངམ་གྱིས་སྨྲས་པ། རྗེ་གཅིག་ལགས། ང་འབངས་གཅིག་གིས་རྗེའི་དོད་མི་འཕེར་བྱས་ཀྱང་རྗེས་མ་གསན་ཏེ། ཉང་རོ་བརྩིས་ཀྱི་ཐལ་ཚལ་དུ།སྐར་མ་ས་རི་ས་ག་ལ་འཐབ་དུས་བྱས། རྒྱལ་པོས་ཁྱི་མོ་ཉིན་གྱི་རྣ་བསང་མ་ལོ་ངམ་ལ་ལྐོག་ཉན་ལ་བཏང་བས་ཚོར་ནས་ཁ་རྨུས་པ།རྒྱལ་པོའི་དབུ་དར་ཐོད་ཀྱིས་བཅིངས། དཔྲལ་དུ་མེ་ལོང་བཏགས། ཕྲག་པ་གཡས་ལ་ཝ་རོ་བཀལ། ཕྲག་པ་གཡོན་ལ་བྱི་ལའི་རོ་བཀལ།རལ་གྲི་གླང་བྱ་ཕོ་ཀླད་ལ་སྐོར། བ་དམར་གླང་དམར་བརྒྱ་ལ་ཐལ་སྒྲོ་སུམས་པ་བཀལ་ནས་བྱུང་ན། ངེད་ཅག་གིས་མི་ཐུབ་ཅེས་གླེངས་པས། རྒྱལ་པོའི་སྙན་དུ་གསན་པས། དེ་ག་ལྟར་བྱས་ཕྱིན་པས།དམག་མིས་བསོ་སྒྲ་བཏབ་པས། བ་དམར་གླང་དམར་འདྲོགས།ཐལ་སྒྲོ་སུམས་པ་རལ། ཐལ་ཚུབ་ཀྱིས་མིག་འགྲིབས། ས་རི་ས་ག་ཡིན་པས་རླུང་དམར་ཚུབ་མ་ལངས། དར་ནག་གི་ཐོད་ཀྱིས་རྗེའི་མགུར་ལྷ་ཡལ། ཝ་རོས་དགྲ་ལྷ་ཡལ། བྱི་ལའི་རོས་ཕོ་ལྷ་ཡལ།