[A:41]སྐྱ་བསེང་དང་དམག་བརྒྱ་པ་གཉིས་ནུབ་གཅིག་ལ་སྐྱེས་ཏེ། རྒྱལ་སྲིད་ལ་མ་འཆམ་པའི་དུས་སུ་། དམག་བརྒྱ་པའི་བཙུན་མོ་དམ་པ་ལ་བུ་མིག་མས་ཀྱིས་འགེབས་པ། གཡུའི་སྨིན་མ་ཅན། ཚེམས་དུང་སོ་འཁོར་མ། ཕྱག་སོར་དྲ་བས་འབྲེལ་བ། མཚན་དང་ལྡན་པ་གཅིག་བྱུང་བ་དེ་ཡིན་པར་བཤད། ལོ་ཙྪ་བ་བུ་སྟོན་གྱིས་མཛད་པའི་ཆོས་འབྱུང་ཆེན་མོར། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་སྲས་ལྔ་ཚིགས་སམ། རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་ལྔ་ཚིགས་སམ། ཡང་ན་བད་ས་ལེའི་རྒྱལ་པོ་འཆར་བྱེད་ཀྱི་བུ་མིག་མས་འགེབས་པ། སོར་མོ་དྲ་བས་འབྲེལ་བ། མཚན་དང་ལྡན་པ་གཅིག་བྱུང་བ་དེ་ཡིན་པར་གསུངས་ལ། གང་ལྟར་ནའང་གཉའ་ཁྲི་བཙན་པོར་མཐུན་ནོ། །དེ་ཡང་བོད་ཀྱི་ཡིག་ཚང་ལས་འདི་ལྟར་སྣང་སྟེ། དང་པོ་ལྷ་རི་གྱང་མཐོའི་རྩེ་ལ་བྱོན་ཏེ་གཟིགས་པས། གངས་རི་ཡར་ལྷ་ཤམ་པོ་མཐོ་བ་དང་། ཡུལ་ཡར་ལུང་སྣ་བ་བཞི་དང་བཅས་པ་བཟང་བར་མཐོང་ནས། ལྷ་རི་རོལ་པོའི་རྩེ་ལ་གཤེགས་ཏེ། ལྷ་སྐབས་ལ་བབས་ནས་བཙན་ཐང་སྒོ་བཞིར་བྱོན་པ་དང་། དུས་དེར་བོན་པོ་ལ་སོགས་པ་ཡོན་ཏན་ཅན་གྱི་མི་བཅུ་གཉིས་ཕྱུགས་སྐྱོང་བས་མཐོང་སྟེ། གང་ནས་འོངས་དྲིས་པས། གནམ་ལ་མཛུབ་གུ་ཀེར་བས། འདི་ནི་གནམ་ནས་ཡོང་བའི་བཙན་པོ་ཞིག་འདུག་པས། རང་ཅག་རྣམས་ཀྱི་རྗེ་ཞུའོ་ཞེས་གཡར་འཆམ་ནས། གཉའ་བར་ཁྲི་ལ་བཏེག་སྟེ་སྤྱན་དྲངས་པ་ན། རྗེ་གཉའ་ཁྲི་བཙན་པོ་ཞེས་བྱ་སྟེ།