[A:44]རལ་གྲི་གླང་བྱ་ཕོ་ཀླད་ལ་སྐོར་བས་དམུ་ཐག་དམུ་སྐས་ཆད། ལོ་ངམ་གྱིས་རྒྱལ་པོའི་དཔྲལ་དུ་མེ་ལོང་ལ་ལྕགས་མདའ་རྩལ་ཏེ་དཀྲོངས་སོ། །སྤུར་དེ་ཟངས་ཀྱི་གའུར་བཅུག ལྕགས་གཟེར་གྱིས་བཏབ་ནས། ལྕེ་མདའ་ཟམ་པའི་ཁ་ནས་ཉང་ཆུ་སྐྱ་མོ་ལ་བསྐུར་ཏེ་བཏང་ངོ་། །རྒྱ་མཁར་པ་ཙམ་དུ་དགུང་བདུན་དུ་ཆགས་ཀྱང་འཛིན་པ་མེད།ཁྲི་དང་མགུར་མོར་དགུང་བཅུ་གསུམ་ཆགས་ཀྱང་འཛིན་པ་མེད་དོ། །སྐོང་ཆུ་རླག་ཏུ་ཁྱེར་བ། ཀླུ་སྲིན་ཧོ་ཏེ་རིང་མོའི་བྲན་མོ་ཀླུ་སྲིན་བྱེ་མ་ལག་རིངས་ཀྱིས་ཉ་ཤོར་དུ་ཕྱིན་པས་ཟངས་ཀྱི་གའུ་རྙེད་། དེ་ནས་ཇོ་མོ་ལ་ཕུལ་བས་མཛོད་དུ་སྦས་སོ། །སྲས་རྒྱལ་བུ་གསུམ་པོ་དེས་ཡབ་མེས་ཀྱི་དཀོར་མཛོད་ནས། ཅེའུ་གླང་རུ་དཀར་ཞེས་བྱ་བའི་གླང་འཕུར་ཤེས་ལ་བཞོན་ནས་ཀོང་པོའི་ཡུལ་དུ་བྲོས། ལོ་ངམ་གྱི་མིང་སྲིང་བཞིས་མ་ལ་རྟ་རྫི་བཅོལ། ལྷ་གཅིག་ལ་ཆུང་མ་བཅོལ་ལོ། །མ་དེས་ཉིན་པར་རྟ་འཚོར་ཕྱིན་ནས་གཉིད་ལོག་པའི་རྨི་ལམ་ན། མི་དཀར་པོ་གཅིག་དང་ཤོད་པ་རྨིས། གཉིད་སད་ཙམ་ན་སྔས་མགོ་ནས་གཡག་དཀར་པོ་གཅིག་ལངས་ནས་སོང་བ་མཐོང་། ཟླ་བ་བརྒྱད་ལོན་ཙམ་ན་ཁྲག་གི་གོང་བུ་ལག་མགོ་ཙམ་འགུལ་ཤེས་པ་གཅིག་སྐྱེས།འབོར་དུ་ནི་རང་ལ་སྐྱེས། གསོ་རུ་ནི་ཁ་མིག་དང་ཡན་ལག་མེད་ཀྱང་།འབྲོང་རུ་དྲོན་མོ་གཅིག་ཏུ་བཅུག རྐང་སྣམ་གྱི་ངར་པའི་ནང་དུ་དྲོད་ལ་བཙོས་པས། ཅི་ཞིག་ཙམ་ན་བུ་ཁྱེའུ་གཅིག་བྱུང་། དེའི་མིང་འཛེང་གི་བུ་རུ་ལས་སྐྱེས་ཀྱི་ངར་གསོས་པོ་བྱ་བར་བཏགས། དེས་ལོ་