R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 45
[A:45]བཅུ་ལོན་པ་དང་། ངའི་ཕ་དང་ཕུ་བོ་གང་ན་ཡོད་ཅེས་འདྲི། མས་སྔར་གྱི་ལོ་རྒྱུས་རྣམས་བཤད་པས། རྒྱལ་པོའི་སྤུར་དང་སྤུན་ཟླ་འཚོལ་དུ་ཕྱིན། སྤུར་སྐོང་ཆུ་རླག་ནས་རྙེད་དེ་བླངས་པས་མ་སྟེར།རྐུས་ཀྱང་མ་ཐོབ་ནས་ཉོ་བའི་རིན་བྱས་པ་ལ། མིའི་བུ་མོ་བྱ་ལོ་མ།མིག་བྱ་མིག་བཞིན་མས་འགེབས་པ། ལོ་བཅུ་དྲུག་ལོན་པ་གཅིག་འདོད་ཟེར་ནས་བཙལ་བས། གཡེའི་གངས་བར་སྤུར་གོང་ནས།ཕ་མཚར་ལ་རུ་ཆེན། མ་སྐྱིད་ལ་རུ་ཞུབ་གཉིས་ལ། བུ་སོ་དགེའུ་གཡུ་མོ་བྱ་བ་དེ་འདྲ་གཅིག་འདུག་ནས། བླངས་པས་མ་སྟེར།རྐུས་པས་མ་ཐོབ་ནས། ཉོ་བྱས་ནས། ཕ་ན་རེ། གསེར་བུ་མོ་ཙམ་གཅིག་འདོད་ཟེར། མ་ན་རེ། སྤུར་དེ་ལ་ཚལ་གྱི་ཐིག་བརྒྱད་ཅུ་རྒྱག་ཏུ་ཆུག་ཟེར་བས་ཁས་བླངས་ཏེ། བུ་དེ་ཁྱེར་ནས་སྤུར་བླུས་སོ། །ཀོང་ཡུལ་ཆ་ཀར་སེ་མོ་ཕུག་ཏུ་བང་སོ་གཅིག་བརྩིགས་ཏེ།དེར་སྤུར་མ་བཞུགས། དེ་ནས་གཅེན་ཤ་ཁྲི་དང་ཉ་ཁྲི་གཉིས་གདན་མ་འདྲོངས་ཏེ། ཀོང་པོ་དང་ཉང་པོའི་རྗེ་མཛད་ཅིང་བཞུགས། ད་ལྟ་ཡང་གདུང་རྒྱུད་མང་སྐད་དོ། །ཕུ་བོ་བྲག་ཐོག་རྗེ་མཛད་པའི་འབྲིང་པོ་བྱ་ཁྲི་གདན་དྲངས་ནས་རྒྱལ་སར་བཅུག་སྟེ་སྤུ་དེ་གུང་རྒྱལ་དུ་མཚན་གསོལ་ལོ། །དེ་ནས་ཡར་ལུང་དུ་གདན་དྲངས། བོན་པོ་བ་པ་རིའི་བུ་སྐེ་རྒྱལ་རྨ་པོ་ཚས་དྲི་བཏུལ་ནས། ལོ་བཅུ་གསུམ་ལོན་པའི་སྤུར་ཟངས་དེ་ཁ་ཕྱེ་བས་སྐད་ང་ར་ར་ཟེར། ཡུལ་དེརི་མིང་ཡང་ང་ར་ཐང་དུ་བཏགས། དེ་ནས་སྤུར་དེ་འཕྱོང་པོ་གྲང་མོ་གྲང་ཆུང་གི་